༢༠༠༩ ཕྱི་ཟླ་ ༦ ཚེས་ ༡༥ རེས་མིག་དམར།
༄༅། །བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་གོ་སྒྲིག་ཞུས་ཏེ་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༦ ཚེས་ ༡༥ ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་གངས་སྐྱིད་ལས་བྱེད་གསོལ་ཚིགས་ཁང་གི་ཡང་སྟེང་ཚོགས་ཁང་དུ་སྐུ་ཞབས་རི་ཆར་ཊི་བི་ལུམ་མཆོག་དང་། དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དབུ་བཞུགས་ཐོག་བཀའ་བློན་རྣམ་པ་དང་ལྷན་ཁང་སོ་སོའི་དྲུང་ཆེ་ཆུང་བཅས་ཞབས་སྟེགས་སུ་འཁོད་རྗེས་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ནས་ཁོང་དང་ཁོང་གི་སྐུ་ཟླའི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་གནང་གསལ། སྐུ་ཞབས་རི་ཆར་ཊི་བི་ལུམ་མཆོག་དང་ཁོང་གི་ལྕམ་སྐུ་ Diane Feinsteiw རྣམ་གཉིས་བོད་དོན་ཐོག་ཐུགས་ཁུར་ཆེ་བཞེས་གནང་མཁན་ཞིག་ཡིན་པ་ཙམ་དུ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་གདན་ཞུ་ཐེངས་དང་པོ་ཞུ་མཁན་ཡང་ཡིན་སྐོར་སོགས་འགྲེལ་བརྗོད་གནང་རྗེས་སྐུ་ཞབས་རི་ཆར་ཊི་བི་ལུམ་མཆོག་ནས་གསུང་བཤད་གནང་དོན།
ཨ་རིའི་གྲོས་ཚོགས་ནང་བོད་དོན་ཐོག་རྒྱབ་སྐྱོར་དང་དོ་སྣང་བྱེད་མཁན་གྲོགས་པོ་མང་པོ་ཡོད། ཡིན་ནའང་བོད་ཀྱི་དཀའ་རྙོག་དེ་ག་དུས་སེལ་ཐུབ་མིན་བརྗོད་ཐུབ་རྒྱུ་དཀའ་ཡང་ངའི་རེ་བར་རྒྱ་ནག་མང་གཙོ་ཅན་དུ་འགྱུར་ཐུབ་ན་བོད་ཀྱི་དཀའ་རྙོག་དེ་ཡང་རང་བཞིན་གྱི་སེལ་ཐུབ་རྒྱུ་ཡིན་སྐོར་སོགས་འགྲེལ་བརྗོད་གནང་རྗེས་ལས་བྱེད་རྣམ་པས་དྲི་བ་ཕུལ་བ་ཁག་ལ་ལན་འདེབས་གནང་བ་བཅས་ཀྱི་གནས་བསྡུས་སུ།