༢༠༠༩ ཕྱི་ཟླ་ ༦ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །བོད་ཀྱི་དཔེ་མཛོད་ཁང་དང་ཨ་རིའི་སེ་གྷར་ཁྱིམ་ཚང་ཐེབས་རྩ་གཉིས་ནས་གོ་སྒྲིག་ཞུས་པའི་འོག་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༦ ཚེས་ ༢༢ ནས་ ༢༤ བར་ཉིན་གྲངས་གསུམ་རིང་གངས་སྐྱིད་སྤྱི་ཐབ་ལས་བྱེད་གསོལ་ཚིགས་ཁང་གི་ཡང་སྟེང་ཚོགས་ཁང་དུ་དགོན་སྡེ་ཁག་གི་ཚན་རིག་ལས་རིམ་ཐེངས་དང་པོའི་འགྲེམས་སྟོན་དང་འབྲེལ་བའི་བགྲོ་གླེང་ཞིག་སྐོང་ཚོགས་གནང་ཡོད་པ་རེད།
དེ་ཡང་ཉིན་དང་པོ་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དགོན་སྡེ་ཁག་གི་དགེ་འདུན་པ་དང་། ཨེ་མོ་རི་མཐོ་སློབ་ཀྱི་སློབ་མ། དེ་བཞིན་ཚན་རིག་ལ་དོན་གཉེར་ཆེ་བའི་མི་མང་དང་རྡ་སྟེང་ཚན་རིག་ཚན་པ་བཅས་ཚང་འཛོམས་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཚན་རིག་ཐོག་ནས་ཕྱི་དངོས་པོ་དང་འབྲེལ་བའི་སྐོར་ལ་གཏམ་བཤད་གནང་རྗེས་ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ཀྱི་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ནས་བོད་པའི་དགོན་སྡེ་ཁག་ནས་ཚན་རིག་གི་གོམ་པ་མདུན་སྤོས་གནང་བར་སྤོབས་པ་ཡོད་ཅེས་དང་། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལོ་བཅུ་ཕྲག་མང་པོའི་རིང་སྐུ་ངལ་ཆེར་སྐྱེད་ཐོག་ཚན་རིག་དང་ནང་ཆོས་དབར་བགྲོ་གླེང་དབུ་འཛུགས་གནང་བ་ཙམ་དུ་མ་ཟད།
དགོན་སྡེ་ཁག་ནང་ཚན་རིག་ཐོག་དོ་སྣང་དགོས་པའི་བཀའ་ཕེབས་གནང་བ་གཞིར་བཟུང་དེ་རིང་དགེ་འདུན་པའི་ཚན་རིག་གི་ལས་རིམ་ཕྱག་བསྟར་ཐུབ་པ་ནི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་ཡིན་སོགས་གསུང་བཤད་གནང་། དེ་རྗེས་ལས་བྱེད་གསོལ་ཚིགས་ཚོགས་ཁང་ནས་དངོས་བཤམས་ཀྱི་རི་མོའི་འགྲེམས་སྟོན་ཁག་ལ་གཟིགས་ཏེ་དོགས་གཅོད་ཀྱི་དྲི་བ་གཏོང་མཁན་སེར་སྐྱ་བཅས་ལ་ཚན་རིག་གི་ཚན་པ་སོ་སོའི་དགེ་འདུན་པས་ལན་འདེབས་གནང་བ་སོགས་ངའི་མིག་ལམ་དུ་མངོན་པ་དང་རྣ་བར་ཐོས་པ་ནི་འཇང་དགུན་ཆོས་ཆེན་མོ་དང་གཉིས་སུ་མེད་པའི་འཆད་རྩོད་ཀྱི་འུར་སྒྲས་ཁེངས་བཞིན་འདུག
དེ་ནས་སེ་རར་ཡོད་པའི་ཌི་ཝི་ཌ་ཀི་རོ་ནོན་སྡེ་ཚན་གྱི་དགེ་འདུན་པས། ཁ་སང་ང་ཚོས་མཐོང་བ་དེ་ད་ལྟ་ཇི་ལྟར་དྲན་གྱི་ཡོད་དམ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱེད་སྐབས། ང་ཚོའི་མིག་གི་མཐོང་བ་དང་། ངག་གིས་སྨྲ་བརྗོད་བྱེད་པ། རྣ་བས་ཐོས་པ། སྣས་དྲི་སྣོམ་པ། དེ་བཞིན་མྱོང་ཚོར་དང་སྤྱོད་ལམ་སོགས་བྱ་ལས་སྣ་ཚོགས་པ་རྣམས་ཀླད་པའི་ཆ་ཤས་འདྲ་མིན་གང་དང་གང་གིས་སྟངས་འཛིན་བྱེད་ཀྱི་ཡོད་མེད་སྐོར་ལ་ངོ་སྤྲོད་གནང་།
དེ་རྗེས་འབྲས་སྤུངས་དགོན་དུ་ཡོད་པའི་དཔལ་མགོན་ཀླུ་སྒྲུབ་ཀྱི་དེང་དུས་ཚན་རིག་སྡེ་ཚན་གྱི་དགེ་འདུན་པས། སྒྲ་ཇི་ལྟར་འབྱུང་གི་ཡོད་ཅིང་། ང་ཚོས་དེ་ཇི་ལྟར་ཐོས་ཀྱི་ཡོད། ཅེས་པའི་བརྗོད་གཞི་གཏམ་བཤད་བྱེད་སྐབས། བྱུང་རྐྱེན་མང་པོ་ཞིག་བརྒྱུད་པའི་སྒོ་ནས་སྒྲ་ཇི་ལྟར་བྱུང་བ་དང་མཐར་ང་ཚོས་དེ་ཇི་ལྟར་ཐོས་ཀྱི་ཡོད་པའི་བར་ནང་ཆོས་དང་ཚན་རིག་གཉིས་ཀའི་གོ་རྟོགས་མཉམ་བསྡུར་གྱི་སྒོ་ནས་འགྲེལ་བརྗོད་གནང་བཞིན་ཡོད་འདུག ཚེས་ ༢༣ སྔ་དྲོའི་ཚོགས་ཐུན་དང་པོར་འབྲས་སྤུངས་དགོན་པའི་ཚན་རིག་གླིང་གི་དགེ་འདུན་པས། ང་ཚོའི་འཇིག་རྟེན་ཁམས་འདི་ཇི་ལྟར་ཆགས་སམ། ཞེས་པའི་བརྗོད་གཞིའི་ཐོག་ནང་ཆོས་ཀྱི་ལྟ་གྲུབ་དང་དེང་དུས་ཀྱི་འཇིག་རྟེན་ཁམས་ཀྱི་རིག་པ་ནས་བཤད་པ་ལྟར་འཇིག་རྟེན་ཁམས་ཀྱི་བྱུང་ཚུལ་འགྲེལ་བརྗོད་གནང་རྒྱུ་དང་།
ཕྱེད་ཡོལ་སྨན་རི་བོན་ཚན་རིག་སྡེ་ཚན་གྱི་དགེ་འདུན་པས། འོད་ཅེས་པ་གང་ཡིན། ཁ་དོག་རྣམས་གང་ནས་འབྱུང་གི་ཡོད། ཅེས་པའི་བརྫོད་གཞིའི་ཐོག་ཚན་རིག་དང་བོན་གྱི་སྲོལ་རྒྱུན་གཉིས་ཀའི་ཆ་ནས་འོད་ཀྱི་རང་བཞིན་དང་ཁྱད་ཆོས་འགྲེལ་བརྗོད་གནང་རྒྱུ་ཡིན་འདུག
ཚེས་ ༢༤ སྔ་དྲོའི་ཚོགས་ཐུན་དང་པོར་ས་སྐྱ་པི་ཏའི་སྡེ་ཚན་ས་སྐྱ་མདོ་སྔགས་ཆོས་གླིང་གི་དགེ་འདུན་པས། ཁམས་རྫས་རྣམས་གང་དང་གང་ཡིན་ནམ། ཞེས་པའི་བརྗོད་གཞིའི་ཐོག་ནུབ་ཕྱོགས་པའི་རྩ་རྫས་རེའུ་མིག་གི་ལེགས་ཆ་མཐོང་བ་ལ་བརྟེན་ནས་ནང་པའི་ལུས་སེམས་ཀྱི་རྩ་རྫས་དང་། འདུ་བྱེད་ཀྱི་ཆོས་ཀྱི་ཐེ་བའི་རྩ་རྫས་ཀྱི་རེའུ་མིག་ཞིག་བཟོ་ཐབས་བྱས་པར་བརྟེན་ཆོས་མངོན་པ་ཀུན་བཏུས་ལྟར་ན་ནང་པའི་རྩ་རྫས་རྣམས་ཕུང་པོ་ལྔར་ཕྱེ་ཚུལ་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་གནང་རྒྱུ་དང་།
ཕྱེད་ཡོལ་དགའ་ལྡན་ཚན་རིག་སྣེ་ཁྲིད་སྡེ་ཚན་གྱི་དགེ་འདུན་པས། ང་ཚོ་མི་སོ་སོའི་རྣམ་པ་མི་འདྲ་བ་དེ་ག་རེ་བྱས་ནས་བྱུང་ངམ། ཞེས་པའི་བརྗོད་གཞིའི་ཐོག་དེང་དུས་ཀྱི་རིགས་རྫས་རིག་པ་དང་། ནང་ཆོས་ཀྱི་ལྟ་གྲུབ་གཉིས་ཀའི་ལྟ་ཚུལ་གྱི་སྒོ་ནས་མི་སོ་སོའི་ལུས་ཀྱི་ཁྱད་ཆོས་རྣམས་མི་རབས་གཅིག་ནས་རྗེས་མར་ཇི་ལྟར་གཏོང་མིན་སྐོར་ལ་འགྲེལ་བརྗོད་བཅས་གནང་རྒྱུ་ཡིན་འདུག
དགེ་འདུན་པའི་ཚན་རིག་ལས་རིམ་འགྲེམས་སྟོན་ཐེངས་དང་པོར་བཅར་ཞུགས་གནང་མཁན་དགེ་འདུན་པ་དང་སློབ་ཕྲུག དེ་བཞིན་ཕྱི་རྒྱལ་ཡུལ་ཁག་གི་མི་སྣ་བཅས་གྲངས་ ༡༠༠ ལྷག་ཙམ་ཕེབས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།