༢༠༠༩ ཕྱི་ཟླ་ ༦ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ༢༠༠༩ ཕྱི་ཟླ་ ༥ ཚེས་ ༣༡ རེས་གཟའ་ཉི་མའི་ཕྱི་དྲོ་ཌན་མག་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ཨཡི་སི་ལན་ཌེ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་རིཀ་ཇ་ཝིཀ་ (Reykjavik) ནང་ཆིབས་་ཞལ་བསྒྱུར་ཡོད་པ་རེད། ཕྱི་ཟླ་ ༦ ཚེས་ ༡ ཉིན་ཁུལ་དེར་མཛད་འཆར་གྱི་ཐོག་མར་ཨཡི་སི་ལན་ཌེའི་ཆོས་དཔོན་སྐུ་ཞབས་ཀ་རལ་སི་གུབ་ཇོར་སོན་ (His Grace Karl Sigurbjornsson) ནས་གོ་སྒྲིག་ཞུས་པའི་ཁུལ་དེའི་ཡེ་ཤུའི་ལྷ་ཁང་ཆེ་ཤོས་ Hall grimskirkja ཞེས་པ་ཞིག་གི་ནང་ཆོས་ལུགས་རིས་མེད་ཀྱི་སྨོན་ལམ་གསོལ་འདེབས་ཤིིག་གི་ཐོག་ལྷན་ཞུགས་གནང་བའི་སྐབས་སུ་མང་ཚོགས་ ༡༢༠༠ ལྷག་ཙམ་ཆེད་ཕེབས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཛའ་བརྩེའི་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག
གསོལ་འདེབས་སྨོན་ལམ་གྱི་མཛད་རིམ་དེའི་ཐོག་གོང་བརྗོད་དབུ་ཁྲིད་རྣམ་པ་གཉིས་ཀྱིས་དབུས་ཁ་ཆེ་དང་། བྷ་ཧའི་ཆོས་ལུགས་སོགས་ཀྱི་སྐུ་ཚབ་ཀྱང་ཕེབས་ཡོད་པ་རེད། སྐབས་དེར་ཨཡི་སི་ལན་ཌེའི་ཆོས་དཔོན་སྐུ་ཞབས་ཀ་རལ་སི་གུབ་ཇོར་སོན་མཆོག་ནས་ཕེབས་བསུའི་གཏམ་བཤད་ནང་། བོད་མིའི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རྒྱལ་ཁབ་ནང་ཁུལ་དང་། ཆོས་ལུགས་ནང་ཁུལ། མི་མང་ནང་ཁུལ་བཅས་ཀྱི་བར་མཛའ་བརྩེ་དང་། མཐུན་སྒྲིལ། བཟོད་བསྲན་སོགས་གོང་འཕེལ་གཏོང་རྒྱུའིི་མཛད་འཕྲིན་བླ་ན་མ་མཆིས་པ་བསྐྱངས་དང་སྐྱོང་བཞིན་པར་བསྔགས་བརྗོད་ཤུགས་ཆེ་ཞུས་པ་དང་ཆབས་ཅིག་བོད་མི་མང་རྣམས་འདས་པའི་ལོ་ངོ་ ༥༠ རིང་རྒྱ་ནག་གི་དབང་སྒྱུར་འོག་དཀའ་སྡུག་ཚད་མེད་མྱངས་དང་མྱོང་མུས་ལ་ཨཡི་སི་ལན་ཌའི་མི་མང་ནས་བསམ་ཤེས་བྱེད་ཐུབ་རྒྱུ་མ་ཟད། འཛམ་གླིང་འདིར་ཕན་ཚུན་སྡང་སེམས་དང་ཁོང་ཁྲོ་སོགས་འཚེ་བའི་བྱ་སྤྱོད་ཀྱི་ཁེངས་ཤིང་ཡོད་པའི་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བྱམས་བརྩེ་དང་། ཞི་བདེ། ཕན་ཚུན་འགྲིག་འཇགས་བཅས་ཀྱི་བཀའ་སློབ་སྩོལ་བཞིན་ཡོད་པ་དེ་ནི་ང་ཚོའི་རེ་བའི་སྒྲོན་མེ་ལྟ་བུ་ཡིན་སྐོར་སོགས་ཀྱི་གཏམ་བཤད་གནང་ཡོད་འདུག
ཐེངས་འདིའི་སྨོན་ལམ་གསོལ་འདེབས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མགོན་པོ་གང་ཉིད་ཁུལ་དེའི་ཆིབས་སྒྱུར་གྱི་མཛད་འཆར་ཐོག་མ་དེ་ཆོས་ལུགས་རིས་མེད་ཀྱི་སྨོན་ལམ་གསོལ་འདེབས་སུ་ལྷན་ཞུགས་གནང་རྒྱུ་བྱུང་བ་ནི་མགོན་པོ་གང་ཉིད་ཀྱི་སྐུ་ཚེ་ཧྲིལ་པོ་འདིའི་ནང་གི་རླབས་ཆེན་གྱི་ཐུགས་འགན་གཙོ་བོ་གསུམ་ཡོད་པའི་ནང་ནས་གཉིས་ཏེ་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་དེ་ནི་ཡིན་སྟབས་མགོན་པོ་གང་ཉིད་ཐུགས་དགྱེས་ཚོར་ཆེན་པ་བྱུང་སྐོར་བཀའ་སྩལ་བ་དང་འབྲེལ། ཆོས་ལུགས་ཞེས་པ་དེ་འཛམ་གླིང་འདིའི་ནང་དཀའ་ངལ་སེལ་བར་བྱེད་མཁན་ཞིག་ལས་དཀའ་ངལ་བཟོ་མཁན་གྱི་རྐྱེན་ཞིག་ཏུ་འགྱུར་རྒྱུ་མེད་པ་དང་། རྩ་བའི་འཛམ་གླིང་འདིའི་ནང་ཕུགས་རྒྱང་རིང་པོའི་ཐོག་ནས་ཞི་བདེ་སྐྲུན་རྒྱུའི་ཐབས་ལམ་གཙོ་བོ་ནི་ནང་སེམས་ཀྱི་ཞི་བདེ་སྐྲུན་རྒྱུ་ཡིན་སྐོར་སོགས་ཀྱི་ལམ་སྟོན་བཀའ་སློབ་ཕེབས་ཡོད་འདུག
དེ་ཉིན་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨཡི་སི་ལན་ཌེ་ནང་ཡོད་རྒྱ་གར་གཞུང་ཚབ་པ་དང་། ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་པ། དང་བླངས་རྣམས་ལ་མཇལ་ཁ་གནང་ཡོད་པ་དང་། ཨཡི་སི་ལན་ཌེའི་གསར་ཤོག་རྙིང་ཤོས་ཡིན་པའི་གསར་འགྱུར་བརྒྱུད་ལམ་ཁང་ཞིག་གི་བཅའ་དྲི་དང་ལེན་གནང་བ་མ་ཟད། གསར་འགོད་ལྷན་ཚོགས་ཤིག་ཀྱང་བསྐྱངས་གནང་ཡོད་པའི་གནས་ཚུལ་དུ།།