༢༠༠༩ ཕྱི་ཟླ་ ༥ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་གཞིགས་ན། ཕྱི་ཟླ་ ༤ ཚེས་ ༨ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་པས་སྔ་ལོའི་ཕྱི་ཟླ་ ༣ པའི་ནང་བྱུང་བའི་ངོ་རྒོལ་ལས་འགུལ་དང་འབྲེལ་བ་ཡོད་པའི་བོད་རིགས་ན་གཞོན་བཞི་ལ་སྲོག་ཐོག་གཏོང་རྒྱུ་དང་། བོད་མི་གཅིག་ལ་ཚེ་གང་བཙོན་འཇུག་བྱེད་རྒྱུའི་ཡོངས་གྲགས་ཁྲིམས་ར་ཚོགས་ཏེ་ཁྲིམས་ཐག་བཅད་པའི་གསལ་བསྒྲགས་བྱས་ཡོད་པ་རེད། རྒྱ་ནག་གཞུང་གི་ཁྲིམས་ལུགས་གཞིར་བཟུང་ལྟར་ན་སྲོག་ཁྲིམས་གཅོད་རྒྱུའི་རིགས་ལ་ས་གནས་ཁྲིམས་ཁང་ནས་ཁྲིམས་ཐག་བཅད་ཟིན་རྗེས་བདུན་ཕྲག་དྲུག་གི་ནང་ཚུན་དུ་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་ཆོག་མཆན་ཐོབ་དགོས་པ་གསལ་ཡོད་སྟབས་གོང་གསལ་ཁྲིམས་གཅོད་གསལ་བསྒྲགས་བྱས་ཏེ་ད་བར་ཉིན་གྲངས་ ༤༣ སོང་ཡང་སྲོག་ཁྲིམས་བཅད་པའི་བོད་རིགས་ན་གཞོན་དེ་དག་གི་གནས་ཚུལ་གང་ཡང་ཐོས་རྒྱུ་མེད་པ་མ་ཟད།
ཁྲིམས་ཐག་བཅད་པ་གསལ་བསྒྲགས་བྱེད་སྐབས་གཞུང་འབྲེལ་གསར་འགྱུར་ཐོག་ཡོངས་གྲགས་ཁྲིམས་ར་ཚོགས་པའི་གནས་ཚུལ་སྤེལ་ཡོད་ཀྱང་། དོན་དངོས་ཐོག་ཉེས་པ་ཕོག་མཁན་གྱི་ནང་མི་སྤུན་མཆེད་ཚོས་གནས་ཚུལ་དེའི་སྐོར་ཁ་གསལ་ཤེས་ཀྱི་མེད་པའི་གནས་ཚུལ་ཐོན་བཞིན་ཡོད་པར་གཞིགས་ན། ཉེས་པ་ཕོག་མཁན་གྱི་ན་གཞོན་དེ་དག་ལ་ཁྲིམས་ལུགས་གཞིར་བཟུང་གི་དག་འབུད་བྱེད་རྒྱུའི་ཐོབ་ཐང་རྩ་བ་ནས་བྱུང་མེད་པ་མངོན་གསལ་ཡིན།
དེ་བཞིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཟླ་ ༤ ཚེས་ ༢༡ ཉིན་ཁྲིམས་ཆད་བཏང་བའི་སྤེན་སྐྱིད་སོགས་བུད་མེད་ན་གཞོན་གསུམ་པོས་རང་ཉེས་ངོས་ལེན་ཞུས་སྐོར་གསར་འགྱུར་ནང་ཁྱབ་བསྒྲགས་བྱས་པ་སོགས་བྱུང་ཡོད་ཀྱང་། ངོས་ལེན་ཞུས་པར་གུ་ཡངས་ཀྱི་སྲིད་བྱུས་མེད་པར་དེ་ལས་ལྡོག་སྟེ་ཁྲིམས་ཆད་ལྗིད་པོ་བཏང་ཡོད་པ་དེར་ཉེས་པ་ཕོག་མཁན་གྱི་བུད་མེད་ན་གཞོན་གསུམ་པོའི་ནང་མིའི་ངོས་ནས་ཁོང་ཚོར་དྲང་བདེན་གྱི་ཁྲིམས་གཅོད་བྱས་མ་སོང་ཞེས་བློ་འགྱོད་ཆེན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
༡༽བློ་བཟང་རྒྱལ་མཚན་ནི། ད་ལྟ་རང་ལོ་ ༢༧ ལ་སོན་ཞིང་ཕ་ཡུལ་ལྷ་ས་གྲོང་ཁྱེར་ཁོངས་ཀྱི་མི་ཡིན་ཞིང་། ཁོང་ལ་སྲོག་ཐོག་གི་ཁྲིམས་ཆད་བཏང་ཡོད།
༢༽བསྟན་འཛིན་ཕུན་ཚོགས་སམ་བསྟན་འཛིན་ནི། རང་ལོ་ ༢༧ ལ་སོན་ཞིང་། ཕ་ཡུལ་ཆབ་མདོ་ས་ཁུལ་བྲག་གཡབ་རྫོང་གི་མི་ཡིན་པ་རེད། ཁོང་ལ་ལོ་གཉིས་ཕྱིར་འགྱངས་ཀྱིས་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་བཅད་ཡོད།
༣༽ལོ་ཡག ད་ལྟ་རང་ལོ་ ༢༥ སོན་ཞིང་། ཕ་ཡུལ་ལྷ་ས་གྲོང་ཁྱེར་ཁོངས་སྟག་རྩེ་རྫོང་ཞོལ་ཤང་བཀྲིས་སྒང་གྲོང་ཚོ་ནས་ཡིན་པ་རེད། ཁོང་ལ་སྲོག་ཐོག་གི་ཁྲིམས་ཆད་བཏང་ཡོད་པ་དང་།
༤༽རྐང་བཙུགས། རང་ལོ་ ༢༢ ལ་སོན་གྱི་ཡོད་པ་དང་། ཕ་ཚེ་ལས་འདས་ཟིན། མ་མིང་བསྟན་འཛིན་ཆོས་སྒྲོན་ཟེར་ཞིང་། ལྷ་ས་གྲོང་ཁྱེར་ཁོངས་སྟག་རྩེ་རྫོང་བདེ་ཆེན་ཤང་ནས་ཡིན་པ་དང་། འཛིན་བཟུང་མ་བྱས་གོང་སྒེར་པའི་རླངས་འཁོར་གྱི་(པ་སེ་)ལག་འཁྱེར་ཚོང་མཁན་ཡིན་འདུག ཁོང་ལ་ལོ་གཉིས་ཕྱིར་འགྱངས་ཀྱིས་སྲོག་ཐོག་གི་ཉེས་ཆད་བཏང་ཡོད།
༥༽ཟླ་བ་བཟང་པོ། རང་ལོ་ ༣༠ ལྷག་ཙམ། ཕ་མིང་བསྟན་འཛིན། རྒྱུན་གཏན་རི་མོ་དང་འཇིམ་བཟོའི་རིགས་ལས་ཀ་བྱེད་ཀྱི་ཡོད་ཅིང་། ཁོང་ལ་རང་ལོ་ ༡༦ ཙམ་དུ་སོན་པའི་ཕྲུ་གུ་དང་བཟའ་ཟླའང་ཡོད་པ་དང་། བཟའ་ཟླའི་མིང་ལ་ལྷག་པ་ཟེར་གྱི་ཡོད་པ་རེད། ཁོང་དེ་སྔ་ཟླ་ ༣ པའི་བོད་ནང་ངོ་རྒོལ་མ་བྱུང་བའི་སྔོན་ནས་སྟག་རྩེ་རྫོང་སྤྱི་བདེ་ཉེན་རྟོག་པས་ཉེས་པ་མེད་བཞིན་དུ་ཉིན་གྲངས་ ༡༥ ཙམ་བཀག་ཉར་བྱས་ཡོད་པ་དང་། སྔ་ལོའི་ཕྱི་ཟླ་ ༣ པའི་གནས་ཚུལ་དང་འབྲེལ་བའི་ཐོག་ནས་ཚེ་གང་བཙོན་བཅུག་གི་ཁྲིམས་ཆད་བཏང་ཡོད་འདུག །