༢༠༠༩ ཕྱི་ཟླ་ ༥ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན། བོད་མིའི་ཆོས་སྲིད་གཉིས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ ༢༠༠༩ ཕྱི་ཟླ་ ༦ ཚེས་ ༦ དང་ ༧ བཅས་ཉིན་གྲངས་གཉིས་རིང་པཱ་རི་སེ་གྲོང་ཁྱེར་དུ་ཆིབས་སྒྱུར་བསྐྱང་འཆར་ཡོད་པ་དང་། སྐབས་དེར་པཱ་རི་སེ་གྲོང་ཁྱེར་གྱི་སྤྱི་ཁྱབ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
དེ་ཡང་པཱ་རི་སེ་གྲོང་ཁྱེར་སྤྱི་ཁྱབ་ཀྱི་མགྲིན་ཚབ་པས་འགྲེལ་བརྗོད་གནང་བར་གཞིགས་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་གྲོང་ཁྱེར་སྤྱི་ཁྱབ་མཆོག་རྣམ་གཉིས་མཇལ་མོལ་ག་དུས་གནང་རྒྱུའི་དུས་ཚོད་གཏན་འཁེལ་བྱུང་མེད་པ་དང་། མཇལ་མོལ་དེའི་ཐད་རྒྱ་ནག་གཞུང་ནས་གནོན་ཤུགས་མང་པོ་སྤྲད་ཡོད་ནའང་དེར་ཆ་འཇོག་མ་གནང་བར་མཇལ་མོལ་གནང་རྒྱུ་རེད། ཅེས་བརྗོད་ཡོད་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་པཱ་རི་སེ་ཁུལ་དུ་ཆིབས་སྒྱུར་བསྐྱང་དོན་གཙོ་བོ་ནི་པཱ་རི་སེ་གྲོང་སྡེ་ལས་ཁུངས་ནས་མགོན་པོ་གང་ཉིད་ལ་གྲོང་སྡེ་དེའི་ཆེས་མཐོའི་མི་སེར་གྱི་མཚན་མཐོང་ཕྱག་འཁྱེར་འབུལ་བཞེས་གནང་སླད་ཡིན་འདུག་པ་བཅས་ཀྱི་གནས་བསྡུས་སུ།།