༢༠༠༩ ཕྱི་ཟླ་ ༥ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །བོད་མིིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ༢༠༠༩ ཕྱི་ཟླ་ ༥ ཚེས་ ༢༨ རེས་གཟའ་ཕུར་བུ་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཙམ་ལ་རྡ་ས་བཞུགས་སྒར་ནས་ཡུ་རོབ་ཀྱི་ཡུལ་གྲུ་ཌན་མག་ (Denmark)ཁུལ་དུ་ཆིབས་སྒྱུར་བསྐྱངས་ཏེ་ཁུལ་དེར་ཕྱི་ཟླ་ ༥ ཚེས་ ༣༠ དང་ཚེས་ ༣༡ བཅས་ཉིན་གྲངས་གཉིས་རིང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པའི་ཆོས་འབྲེལ་སྩལ་རྒྱུ་མ་ཟད། ནང་སེམས་ཀྱི་ཞི་བདེའི་ཐོག་ལའང་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་ཡིན་འདུག
ཐེངས་འདིའི་ཆིིབས་སྒྱུར་དང་སྟབས་བསྟུན་ཌན་མག་གི་སྲིན་བློན་སྐུ་ཞབས་ལར་སེ་ལོཀ་ཁི་ར་སེ་མུ་སིན་ (Lars Lokke Rasmussen) མཆོག་ནས་༸གོང་ས་མཆོག་དང་མཇལ་མོལ་གནང་རྒྱུ་ཡིན་འདུག ཌན་མག་ཁུལ་གྱི་མཛད་འཆར་ཁག་གྲུབ་མཚམས་ཡུ་རོབ་ཀྱི་ཡུལ་གྲུ་ཨཡི་སི་ལན་ཌེ་ (Iceland) ཁུལ་དུ་ཆིབས་སྒྱུར་བསྐྱང་སྟེ་ཁུལ་དེར་ཕྱི་ཟླ་ ༦ ཚེས་ ༡ དང་ ༢ བར་ཉིན་གྲངས་གཉིས་རིང་འགྲོ་བ་མིའི་རིན་ཐང་དང་། བསམ་བློ་གཏོང་ཕྱོགས། དེ་བཞིན་བདེ་སྐྱིད་དང་འབྲེལ་བའི་སྐོར་ལ་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་ཡིན་འདུག
ཨཡི་སི་ལན་ཌེ་ཁུལ་དུ་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་གྱི་རིང་ནི་དྷར་ལན་ཛེ་ (Netherlands) ཁུལ་དུ་ཆིབས་སྒྱུར་བསྐྱང་སྟེ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་ལེའུ་དྲུག་པ་བཟོད་པའི་ཐོག་ལ་ཆོས་འབྲེལ་གནང་རྒྱུ་དང་། དེ་བཞིན་བྱམས་བརྩེའི་ནུས་སྟོབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་ཡིན་འདུག ཐེངས་འདིའི་ཆིབས་སྒྱུར་སྐབས་ནི་དྷར་ལན་ཛེའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་ཕེབས་བསུ་གཟབ་རྒྱས་ཞུ་རྒྱུ་ཡིན་འདུག
དེ་ནས་ཕྱི་ཟླ་ ༦ ཚེས་ ༦ དང་ ༧ བར་ཉིན་གཉིས་རིང་ཕ་རན་སེའི་རྒྱལ་ས་པཱ་རི་སེ་(Paris)ཁུལ་དུ་ཆིབས་སྒྱུར་བསྐྱང་སྟེ་པཱ་རི་སེ་གྲོང་སྡེ་ལས་ཁུངས་ནས་པཱ་རི་སེའི་ཆེས་མཐོའི་མི་སེར་གྱི་མཚན་མཐོང་ཕྱག་འཁྱེར་འབུལ་བཞེས་གནང་རྒྱུ་མ་ཟད། ༸གོང་ས་མཆོག་ནས་བཟང་པོའི་ཀུན་སྤྱོད་དང་སྤྱི་ཚོགས་ཞེས་པའི་བརྗོད་གཞིིིའི་ཐོག་ཁུལ་དེའི་མང་ཚོགས་ལ་ལམ་སྟོན་བཀའ་སློབ་སྩལ་རྒྱུ་ཡིན་འདུག
ཐེངས་འདིའི་ཡུ་རོབ་ཡུལ་གྲུ་ཁག་གི་མཛད་འཆར་ཁག་ལེགས་པར་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག་པ་བཅས་ཀྱི་གནས་ཚུལ་དུ།།