༢༠༠༩ ཕྱི་ཟླ་ ༥ ཚེས་ ༥ རེས་གཟའ་མིག་དམར།
༢༠༠༩ ཕྱི་ཟླ་ ༥ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་མ་ས་ཆུ་སེའི་མངའ་སྡེའི་ནང་ཡོད་གྷི་ལི་ཊལ་ཚོགས་ཁང་ (Gillette Stadium)དུ་རྒྱལ་སྤྱིའི་ཁྱོན་ཡོངས་ནས་ཕེབས་པའི་མི་གྲངས་ ༡༣༠༠༠ ཙམ་གྱི་འདུ་འཛོམས་ཤིག་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྔ་དྲོ་བདེན་པ་བཞིའི་ཆོས་འབྲེལ་དང་། ཉིན་རྒྱབ་བདེ་སྐྱིད་དང་ནང་སེམས་ལ་ཞི་བདེའི་ཡོང་སླད་ཀྱི་ཐབས་ལམ་ (Path to Happiness and Inner Peace) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་སྩལ་ཡོད་འདུག
བོ་སེ་ཊོན་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་ཞུས་པའི་མཛད་འཆར་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ཞབས་སོར་འཁོད་སྐབས་ཁུལ་དེར་གནས་སྡོད་བོད་མི་ཚོས་ཕེབས་བསུའི་གླུ་དབྱངས་ཕུལ་བ་དང་། གདུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་། ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་མཆོག་ནས། མགོན་པོ་གང་ཉིད་ནས་ད་བར་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་སྐུ་ངལ་ཚད་མེད་སྐྱོན་པའི་མཛད་རྗེས་རྣམས་ལུང་འདྲེན་གནང་བ་དང་སྦྲགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འགྲོ་བ་མི་ཡོངས་རྫོགས་ལ་བདེ་སྐྱིད་བསྐྲུན་ཆེད་མཛད་འཆར་བསྐྱངས་དང་སྐྱོང་བཞིན་ཡོད་སྟབས། འགྲོ་བ་མི་ཡོད་སའི་ས་གནས་གང་འདྲ་ཞིག་ཡིན་རུང་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་ཡིན། ཞེས་དང་ཐེངས་འདིར་བོ་སེ་ཊོན་བཞུགས་གནས་སུ་ཆིབས་སྒྱུར་བསྐྱངས་པར་དགའ་བསུ་ཡོད། ཅེས་སོགས་ཀྱི་གཏམ་བཤད་གནང་ཡོད།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། ཐེངས་འདིའི་བརྗོད་གཞི་བདེན་པ་བཞིའི་ཐོག་བཀའ་སློབ་མ་གནང་གོང་སྔོན་འགྲོའི་གསུང་ཆོས་སྩོལ་སྐབས་སྡུག་བསྔལ་ལ་རྣམ་པ་གཉིས་ཏེ། ནང་སེམས་ཀྱི་སྡུག་བསྔལ་དང་ཕྱི་ལུས་ཀྱི་སྡུག་བསྔལ་གཉིས་ཞེས་ངོ་སྤྲོད་གནང་བ་དང་འབྲེལ། ཕྱི་དངོས་པོའི་ཆ་རྐྱེན་ཡག་པོ་ཡོད་རུང་ནང་སེམས་ལ་བདེ་སྐྱིད་མེད་པ་ཡིན་ན། དེར་དཔལ་འབྱོར་གྱི་ནུས་པས་བཅོས་ཐབས་མེད་པ་ཞིག་ཡིན་པ་དང་། ནང་སེམས་ཞི་བདེ་བག་ཕེབས་ཡིན་ན་ཕྱིའི་ལུས་ཀྱི་ནད་རྣམས་བཅོས་ཐུབ་པ་ཞིག་ཡིན་སྟབས་ནང་སེམས་ཀྱི་སྡུག་བསྔལ་དེ་ཤུགས་ཆེ་བ་ཡིན་སྐོར་བཀའ་ཕེབས་ཡོད།
ཉིན་གུང་ལྗགས་སྨིན་གྱི་བར་མཚམས་བོ་སེ་ཊོན་བོད་རིགས་སྤྱི་མཐུན་ཚོགས་པས་བོད་ཀྱི་ཐུན་མོང་མ་ཡིན་པའི་གཞས་སྣ་ཁག་གཅིག་གཟིགས་འབུལ་ཞུས་ཡོད་ཅིང་། དེ་ཉིན་ཕྱེད་ཡོལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། བདེ་སྐྱིད་དང་ནང་སེམས་ལ་ཞི་བདེ་ཡོང་སླད་ཀྱི་ཐབས་ལམ། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་སྩལ་རྗེས་མི་མང་ནས་དྲི་བ་ཕུལ་བ་ཁག་ལ་བཀའ་ལན་ཡང་མཛད་ཡོད།
༸གོང་ས་མཆོག་ཨ་རིའི་མངའ་སྡེ་མ་ས་ཆུ་སིའི་ཁུལ་དུ་ད་རེས་་ཆིབས་སྒྱུར་བསྐྱངས་ཐེངས་བདུན་པ་དང་། ཧར་ཝར་ཌེ་གཙུག་ལག་སློབ་གཉེར་ཁང་ལ་ཆིབས་སྒྱུར་བསྐྱངས་ཐེངས་བཞི་པ་དེ་ཡིན་བཅས།།