༢༠༠༩ ཕྱི་ཟླ་ ༥ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་གཞིགས་ན། ཕྱི་ཟླ་ ༣ ཚེས་ ༣ ཉིན་མཚན་མོའི་ཆུ་ཚོད་ ༢ དང་སྐར་མ་ ༤༠ ཙམ་ལ་རང་ལོ་ ༣༥ སོན་པའི་རྔ་པ་ཀིརྟི་དགོན་གྱི་གྲྭ་འཇམ་དབྱངས་ཕུན་ཚོགས་ལགས་ས་གནས་སྤྱི་བདེ་ཉེན་རྟོག་པས་རང་ཤག་ནས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག་ཅིང་། ཁོང་འཛིན་བཟུང་བྱེད་དགོས་དོན་ནི། ད་ལོའི་ཟླ་ ༢ ཚེས་ ༢༧ ཉིན་རང་ལུས་ལ་མེ་སྤར་ཏེ་སྐད་འབོད་བྱ་མཁན་ཀིརྟི་དགོན་གྱི་གྲྭ་བཀྲ་བྷེའི་གནས་ཚུལ་ཕྱི་ཕྱོགས་སུ་བཏང་བའི་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བྱས་པའི་གནས་ཚུལ་འདུག་ཅིང་། ད་ལྟའི་ཆར་ཁོང་གང་ཞིག་ཏུ་བཀག་ཉར་བྱ་བཞིན་ཡོད་མེད་ཁ་གསལ་མེད་ལ། དེ་སྔ་རང་ལུས་ལ་མེ་སྤར་སྐབས་སྤྱི་བདེ་མི་སྣས་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་ཕོག་པའི་དགེ་འདུན་པ་བཀྲ་བྷེའང་སི་ཁྲོན་ཞིང་ཆེན་ཁུལ་གྱི་སྨན་ཁང་ཞིག་ཏུ་ཡོད་ཚུལ་ཙམ་ལས་འབྲེལ་ཡོད་ནང་མི་ཚོར་ཐུག་འཕྲད་བྱ་བཅུག་གི་མེད་པའི་གནས་ཚུལ་ཐོན་ཡོད་འདུག