༢༠༠༩ ཕྱི་ཟླ་ ༥ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །བོད་གཞུང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག ༢༠༠༩ ཕྱི་ཟླ་ ༥ ཚེས་ ༡༩ ཕྱེད་ཡོལ་ཙམ་ནས་རྡ་ས་ནས་པ་ཀོར་བརྒྱུད་ལྡི་ལིར་ཕེབས་ཐོན་གྱིས་ཚེས་ ༢༠ སྔ་དྲོ་ལྡི་ལི་ནས་མཁའ་ལམ་བརྒྱུད་འབུམ་ལ་བསྟན་སྒང་གཞིས་ཆགས་སུ་ཕེབས་སྐབས་ས་གཞིས་འགོ་འཛིན་ནས་ཕེབས་བསུ་སྣེ་ལེན་དང་སྦྲགས་ཚེས་ ༢༡ དང་ ༢༢ བཅས་ཉིན་གྲངས་གཉིས་རིང་གཞིས་སྒར་དང་སློབ་གྲྭ་གཉིས་ལ་འཚམས་གཟིགས་གནང་སྟེ་སློབ་ཕྲུག་དང་། མི་མང་། དེ་བཞིན་ཁ་ཐོར་མི་མང་བཅས་ལ་གསུང་བཤད་གནང་ཡོད་པ་རེད།
ཚེས་ ༢༣ སྔ་དྲོ་བསྟན་འཛིན་སྒང་གཞིས་ཆགས་ནས་ཏེ་ཛུ་དར་རྒྱས་གླིང་དུ་ཕེབས་ཐོན་སྐབས་ས་གནས་འགོ་འཛིན་ནས་ཕེབས་སྐྱེལ་ཞུས། ཚེས་ ༢༤ དང་ ༢༥ བར་ཉིན་གྲངས་གཉིས་རིང་ཏེ་ཛུ་དར་རྒྱས་གླིང་གཞིས་སྒར་དང་སློན་གྲྭར་འཚམས་གཟིགས་གནང་བ་དང་ཆབས་ཅིག་སློབ་ཕྲུག་དང་མི་མང་བཅས་ལ་གསུང་བཤད་གནང་།
ཚེས་ ༢༦ ཏེ་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་ནས་ཕེབས་སྐྱེལ་ཞུས་ཏེ་མེའོ་ཆོས་འཕེལ་གླིང་ས་གནས་སུ་ཕེབས་འབྱོར་གྱིས་ཚེས་ ༢༧ ནས་ ༢༨ བར་ཉིན་གྲངས་གཉིས་རིང་གཞིས་སྒར་དང་སློབ་གྲྭ་ཁག་ལ་འཚམས་གཟིགས་གནང་བ་དང་སྦྲགས་སློབ་ཕྲུག་དང་མི་མང་བཅས་པར་གསུང་བཤད་གནང་རྒྱུ་ཡིན་འདུག
ཚེས་ ༢༩ མེའོ་ནས་ལྡིབ་རུ་གྷཌ་ཕེབས་སྐབས་ས་གནས་འགོ་འཛིན་ནས་ཕེབས་སྐྱེལ་ཞུས་ཏེ་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་འབྱོར་གྱིས་ཚེས་ ༣༠ ཉིན་ལྡི་ལི་ནས་རྡ་སར་ཕེབས་ཐོན་གནང་རྒྱུ་ཡིན་འདུག་པ་བཅས།།