༢༠༠༩ ཕྱི་ཟླ་ ༥ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །༢༠༠༩ ཕྱི་ཟླ་ ༥ ཚེས་ ༦ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོ་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ནས་རང་ཉིད་ཀྱིས་འབད་བརྩོན་བྱས་པ་ལ་བརྟེན། བོད་རྒྱལ་ཁབ་དང་མི་རིགས་གསོན་སླད་རིག་གཞུང་སྲུང་སྐྱོབ་ཆེད་ལེགས་སྐྱེས་རྒྱ་ཆེ་ཕུལ་མཁན། ཀུན་གཟིགས་པཎ་ཆེན་པོ་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་རྣམ་དང་། དེ་བཞིན་བོད་ནང་གི་མཁས་དབང་དམ་པ་ཁག་གཅིག་གི་ལོ་རྒྱུས་སྙིང་བསྡུས་ཕྱོགས་བསྒྲིགས་ཞུས་པ་༼གང་ལྗོངས་རིག་པའི་དཔའ་བོའི་ཁྱུ་མཆོག་༽ཅེས་པའི་དཔེ་དེབ་གསར་པ་དབུ་འབྱེད་ཀྱི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བའི་ཐོག ཁོང་ནས་པཎ་ཆེན་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་དང་། དེ་བཞིན་དམ་པ་དེ་དག་གི་ཕྱག་རྗེས་སྙིང་བསྡུས་ཤིག་གསར་འགོད་པ་ཚོར་ངོ་སྤྲོད་གནང་གསལ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ནས་བཙུགས་གནང་བའི་སློབ་གྲྭ་ཁག་ནི། བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་དང་། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ། ཀན་སུའུ་ནང་བསྟན་སློབ་གྲྭ་ཆེན་མོ། ཟི་ཁྲོན་ནང་བསྟན་སློབ་གྲྭ་ཆེན་མོ། ཆབ་མདོ་སློབ་འབྲིང་གཉིས་པ། དཀར་མཛེས་ནང་བསྟན་སློབ་གྲྭ པེ་ཅིང་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གྲྭ་ཆེན་མོ་སོགས་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་དང་བཅས་པའི་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཡོང་ཆེད་ཉིན་མཚན་དབྱེར་མེད་སྐུ་ངལ་ཚད་མེད་སྐྱོན་གནང་མཛད་ཡོད།
མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནས་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་དཔོན་གནང་སྟེ་བོད་ཀྱི་ལོ་རྒྱུས་རིག་པའི་གཙོ་འགན་བཞེས་པ་དང་། མཁས་དབང་ཚེ་བརྟན་ཞབས་དྲུང་མཆོག་ནས་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་གནང་སྟེ་བོད་ཀྱི་སྐད་ཡིག་རིག་པའི་གཙོ་འགན་བཞེས། མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་ནས་བོད་ལྗོངས་གསོ་རིག་སློབ་ཆེན་གྱི་སློབ་དཔོན་གནང་སྟེ་བོད་ཀྱི་གསོ་བ་རིག་པའི་གཙོ་འགན་བཞེས། མཁས་དབང་དམུ་དགེ་བསམ་གཏན་མཆོག་ནས་མཚོ་སྔོན་སློབ་ཆེན་གྱི་སློབ་དཔོན་གནང་སྟེ་བོད་བརྒྱུད་ནང་བསྟན་གྱི་གཙོ་འགན་བཞེས།
མཁས་དབང་རྡོ་རྗེ་རྒྱལ་པོ་མཆོག་ནས་མི་རིགས་དཔེ་སྐྲུན་ཁང་གི་ཞུ་ཆེན་པ་གནང་སྟེ་བོད་ཀྱི་ལོ་ཙ་བའི་གཙོ་འགན་བཞེས། མཁས་དབང་གཉན་ཤུལ་མཁྱེན་རབ་འོད་ཟེར་མཆོག་ནས་ལྷོ་ནུབ་སློབ་ཆེན་གྱི་སློབ་དཔོན་གནང་སྟེ་ བོད་ཀྱི་བརྡ་སྤྲོད་རིག་པའི་གཙོ་འགན་བཞེས་ཏེ་ཆེད་ལས་སློབ་མ་གསོ་སྐྱོང་དང་། ཁོང་རྣམ་པས་བོད་ཀྱི་རིག་གནས་ཉམས་པ་སླར་གསོ་དང་།མི་ཉམས་རྒྱུན་འཛིན་ཆེད་འཇོག་གནང་མཛད་པའི་སྐུ་དྲིན་ལས་ད་ལྟ་བོད་རིག་པ་ཞེས་འཛམ་གླིང་ས་ཕྱོགས་གང་སར་མངོན་པར་བསྟོད་པའི་རྨད་བྱུང་གྲུབ་འབྲས་བྱུང་བ་བཅས་ཀྱི་ངོ་སྤྲོད་དང་དཔེ་དེབ་གསར་པ་དབུ་འབྱེད་ཀྱིས་འགྲེམས་སྤེལ་གནང་ཡོད་པའི་གནས་བསྡུས་སུ།།