༢༠༠༩ ཕྱི་ཟླ་ ༤ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ༢༠༠༩ ཕྱི་ཟླ་ ༤ ཚེས་ ༢༩ ཉིན་བོ་སེ་ཊོན་དུ་༸ཞབས་སོར་འཁོད་ནས་བོ་སེ་ཊོན་གྱི་གྲོང་ཁྱེར་ཁེམ་བེ་རེ་ཇི་ནང་ཡོད་ཆར་ལིེསེ་མགྲོན་ཁང་(Charles Hotel in Cambridge)དུ་སྐར་མ་ ༤༥ ཙམ་རིང་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་ཡོད།
གསར་འགོད་ལྷན་ཚོགས་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། མགོན་པོ་གང་ཉིད་ཕྱི་ལོ་ ༡༩༧༩ ལོར་ཐོག་མར་ཧར་ཝར་ཌེ་(Harvard)ཆིབས་སྒྱུར་བསྐྱངས་སྐོར་དང་། སྐུའི་རླབས་ཆེན་གྱི་མཛད་འཁུར་ཁག་གསུམ་ཡོད་པའི་ནང་ནས་གཉིས་ཏེ་གཞི་རྩའི་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་གནང་རྒྱུ་དང་།
ཆོས་ལུགས་ཕན་ཚུན་གྱི་མཐུན་ལམ་གོང་འཕེལ་གཏོང་རྒྱུའི་ཐོག་བཀའ་སློབ་སྩལ་བ་དང་འབྲེལ། མགོན་པོ་གང་ཉིད་ནས་གསར་འགོད་པ་ཚོར་ཁྱེད་རྣམ་པས་ད་ལྟ་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་ཛ་དྲག་གི་དུས་འདིར་མིའི་བསལ་བློའི་འཁྱེར་སོར་ཉམས་ཞིབ་གནང་དགོས་པའི་འབོད་སྐུལ་གནང་བ་དང་། ངོས་ཀྱིས་བསམ་པར་དངུལ་ཁོ་ན་བསམ་མཁན་གྱི་སྐྱེ་བོ་དེ་དག་ད་ལྟའི་དཔལ་འབྱོར་ཉམས་རྒུད་ཀྱི་དུས་འདིར་བསམ་བློར་དོ་ཕོག་ཆེན་པོ་བྱུང་ཡོད།
ཕྱོགས་གཞན་ཞིག་ནས་དངུལ་ལས་ལྷག་པ་འཆམ་མཐུན་གྱི་ཁྱིམ་ཚང་དང་། འཆམ་མཐུན་གྱི་སྤྱི་ཚོགས་ལ་དོ་འཁུར་མང་བ་གནང་མཁན་ཚོ་ད་ལྟའི་དུས་འདིར་བསམ་བློར་དོ་ཕོག་དེ་ཙམ་བྱུང་མེད། ཅེས་དང་ལྷག་པར་དུ་༸གོང་ས་མཆོག་ནས། འཕྲུལ་ཆས་ཀྱིས་མིར་བདེ་སྐྱིད་བསྐྲུན་ཐུབ་ཐབས་མེད་པར་བརྟེན་མི་མང་ཚོས་བསམ་བློ་གཏིང་ཟབ་པོ་གཏོང་དགོས་ཀྱི་རེད། ཅེས་དང་། ཡང་མགོན་པོ་གང་ཉིད་ཀྱིས། འདས་པའི་ལོ་ངོ་ ༢༠ ནང་སྐུ་ཉིད་ནས་ཚན་རིག་པ་རྣམས་དང་ལྷན་དུ་བྱམས་བརྩེ་དང་མིའི་འཕྲོད་བསྟེན་བར་གྱི་འབྲེལ་བའི་ཐོག་གྲོས་མོལ་ཐེངས་མང་གནང་རྗེས་སྐུ་ཉིད་ནས་གཞི་རྩའི་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ཡོད་པའི་སྐོར་གྱི་བཀའ་སློབ་སྩལ་ཡོད། ༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཁུར་གཉིས་པ་ཆོས་ལུགས་ཕན་ཚུན་མཐུན་ལམ་གོང་འཕེལ་གཏོང་རྒྱུ་དང་འབྲེལ་བའི་ཐོག་ལ་བཀའ་སློབ་ཕེབས་དོན། སྤྱིར་ཆོས་ཕྱོགས་ཀྱི་མི་སྣ་ཞིག་དང་། ལྷག་པར་ནང་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་བར་གྱི་མཐུན་སྒྲིལ་ནི་ངེས་པར་དུ་དགོས་པར་ངོས་འཛིན་ཞུ་གི་ཡོད། དུས་རབས་ཉེར་གཅིག་པ་འདིའི་ནང་ཕྱིའི་དངོས་པོ་ཡར་རྒྱས་ཕྱིན་ཡོད་རུང་། བློ་ཕམ་དགོས་པ་ཞིག་ལ་དུས་ད་ལྟའང་ཆོས་ལུགས་ཀྱི་མིང་ཐོག་ནས་རྙོག་འཛིང་མང་པོ་ཞིག་ཡོང་གི་ཡོད་སྟབས་ཆོས་ལུགས་ཀྱི་མཐུན་ལམ་ནི་ཧ་ཅང་གི་གལ་ཆེ་ཡིན། ཞེས་བཀའ་ཕེབས་ཡོད།
སྤྱིར་ཨ་རི་དང་ཡུ་རོབ་ཁུལ་གྱི་ཆིབས་སྒྱུར་ཐོག་༸གོང་ས་མཆོག་ནས་བཀའ་ཕེབས་དོན། ཨ་རིའི་རྒྱལ་ས་་ཤིང་ཊོན་(Washington D.C)དང་ཡུ་རོབ་ཀྱི་ཡུལ་གྲུ་བ་རུ་སིལ་སེ་(Brussels in Europe)གཉིས་ལ་ཆབ་སྲིད་ཀྱི་མཛད་འཆར་བསྐྱང་འཆར་ཡོད་པ་ཕུད་དེ་མིན་ཆིབས་སྒྱུར་ཚང་མ་ཆབ་སྲིད་དང་འབྲེལ་བ་མེད་པ་ཤ་སྟག་དང་། ཐེངས་འདིའི་ཆིབས་སྒྱུར་དེ་ནི་ཤེས་ཡོན་གྱི་རང་བཞིན་ལྡན་པའི་ཆིབས་སྒྱུར་ཞིག་ཡིན་པའི་བཀའ་ཕེབས་ཡོད་པ་རེད།
དེ་ནས་༸གོང་ས་མཆོག་ནས་གསར་འགོད་པའི་དྲི་བ་ཁག་ལ་བཀའ་ལན་ཕེབས་དོན། ཨ་རིའི་འཛིན་སྐྱོང་གཞུང་དེ་སྲིད་དོན་ཚོགས་པ་གང་ཡིན་ལ་མ་ལྟོས་པར་བོད་དོན་ཐོག་བཟང་ཕྱོགས་ཀྱི་རྒྱབ་སྐྱོར་ཡོད། ཅེས་བཀའ་ལན་ཕེབས་པ་དང་ཆབས་ཅིག་སྲིད་འཛིན་ཨོ་བྷ་མ་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་(member of the Senate Foreign Relations Committee )གནང་སྐབས་མགོན་པོ་གང་ཉིད་དང་མཇལ་མོལ་གནང་མྱོང་ཡོད་པ་དང་། སྲིད་འཛིན་ཨོ་བྷ་མ་མཆོག་ནི་ཁ་རི་ཁ་ཐུག་ཞིག་དང་གཞན་དང་འབྲེལ་མཐུན་གནང་འདོད་ཡོད་མཁན་ཞིག་རེད། ཅེས་དང་ངོས་ཀྱི་བསམ་པར་ཨོ་བྷ་མའི་གཞུང་གིས་བོད་དོན་སྣང་མེད་དུ་གཏོང་གི་མ་རེད། ཅེས་བཀའ་སྩལ་ཡོད།
རྒྱ་ནག་གི་གསར་འགོད་པ་ཁག་གཅིག་ནས་༸གོང་ས་མཆོག་ལ་དྲི་བ་ཕུལ་བར་བཀའ་ལན་ཕེབས་དོན། རྒྱ་ནག་ལ་ལོ་ངོ་ ༥༠༠༠ ལྷག་གི་རྒྱལ་རབས་ལོ་རྒྱུས་ལྡན་པའི་དཔལ་ཡོན་ལ་མགོན་པོ་གང་ཉིད་ནས་ཐུགས་སྨོན་ཞུ་གི་ཡོད་པ་དང་། རྒྱ་ནག་གཞུང་ལ་ཡིད་ཆེས་སྲབ་ཏུ་ཕྱིན་ཡང་རྒྱ་ནག་མི་མང་ལ་བཅང་པའི་ཡིད་ཆེས་དེར་འགྱུར་བ་མེད། ཅེས་བཀའ་སྩལ་ཡོད། ཡང་གསར་འགོད་པས་ཐེ་ཝན་དུ་ཆིབས་སྒྱུར་བསྐྱང་རྒྱུའི་ཐོག་ལ་དྲི་བ་ཕུལ་བར་༸གོང་ས་མཆོག་ནས། ཕྱི་ལོ་ ༡༩༩༧ དང་ ༢༠༠༡ ལོར་ཐེ་ཝན་དུ་ཆིབས་སྒྱུར་བསྐྱངས་སྐོར་འགྲེལ་བརྗོད་གནང་བ་དང་འབྲེལ་བཀའ་ཕེབས་དོན། མགོན་པོ་གང་ཉིད་རྒྱུ་མཚན་གཉིས་ཀྱི་ཐོག་ནས་ཐེ་ཝན་ལ་ཆིབས་སྒྱུར་བསྐྱང་འདོད་ཡོད། དེ་ཡང་༸གོང་ས་མཆོག་རྒྱ་ནག་ཏུ་ཆིབས་སྒྱུར་བསྐྱང་ཐབས་མེད་སྟབས་འདེམ་ཁ་གཉིས་པ་དེ་ཐེ་ཝན་དུ་ཆིབས་སྒྱུར་བསྐྱངས་ནས་བོད་མི་རིགས་ནི་རྒྱ་མི་རིགས་ལ་མི་འདོད་མཁན་ཞིག་མིན་ལུགས་འགྲེལ་བརྗོད་གནང་རྒྱུ་དང་། ལྷག་པར་དུ་ཐེ་ཝན་གྱི་ནང་ཆོས་ལ་སློོབ་སབྱོང་གནང་རྒྱུའི་ཆེད་དུ་ཡིན། ཞེས་དང་ཡང་༸གོང་ས་མཆོག་གིས། ༢༠༠༢ ལོ་ནས་བཟུང་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་བསྐྱར་འཛུགས་བྱས་སྟབས་ཐེ་ཝན་དུ་ཆིབས་སྒྱུར་བསྐྱང་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད། ཅེས་སོགས་བཀའ་ཕེབས་ཡོད་པའི་གནས་ཚུལ་དུ།།