༢༠༠༩ ཕྱི་ཟླ་ ༤ ཚེས་ ༢༤ རེས་གཟའ་པ་སངས།
༈མཛའ་བརྩེ་དང་ལྡན་པའི་གྲོགས་པོ་ལྷན་རྒྱས་ཚོར་ཞུ་རྒྱུར་ལོ་རབས་བཞི་བཅུ་དང་ལྔ་བཅུ་པའི་ནང་རྒྱ་གར་གྱི་དབུ་ཁྲིད་དང་། རང་བཙན་རྩོད་ལེན་པ་མང་པོ་ཞིག་གིས་ང་ཚོར་ཐུགས་ཁུར་དང་གདུང་སེམས་མཉམ་སྐྱེ་གནང་ཡོད། ཁྱེད་རང་ཚོ་ནི་དེ་དག་གི་མི་བརྒྱུད་དེའི་སྐུ་ཚབ་ཡིན་ཞིང་། ངོས་རང་བོད་ཀྱི་ས་མཚམས་བརྒལ་ནས་རྟ་དབང་དུ་འབྱོར་སྐབས། ནང་སེམས་ལ་བློ་ཕམ་དང་སྡུག་བསྔལ། ཕྱིའི་ལུས་པོར་བཤལ་ནད་ཕོག་སྟེ་ཧ་ཅང་སྐྱོ་པོ་བྱུང་ཡོད། དེ་ནས་འབུམ་སྡེ་ལར་ཁྱེད་རང་(རྒྱ་བོད་ས་མཚམས་འབུམ་སྡེ་ལར་༸ཞབས་སོར་འཁོད་སྐབས་ཕེབས་བསུར་བཅར་མཁན་སྐུ་ཞབས་ཤི་རི་མ་ཧིན་ལྷར་སིང་Shri Marhinder Sigh)དང་ཁྱེད་ཀྱིས་སྐུ་ཟླ་གཉིས་ནས་ངོས་ལ་གཟིགས་རྟོག་ཡག་པོ་གནང་བར་བརྟེན་ངའི་ནང་སེམས་དང་ཕྱི་ལུས་ཀྱི་ནད་དྲག་སྐྱེད་བྱུང་སྟེ་ངོས་རང་སྐྱིད་པོ་བྱུང་། དེར་བརྟེན་ད་རེས་གོ་སྐབས་འདི་བཟུང་སྟེ་ངོས་ཀྱིས་རྒྱ་གར་གཞུང་མང་ཡོངས་ལ་བཅོས་མིན་གྱི་ཐུགས་རྗེ་ཆེ་ཞུ་གི་ཡོད། ངོས་ཀྱིས་དུས་རྟག་ཏུ་ང་ཚོའི་མཛའ་འབྲེལ་འདི་དགེ་སློབ་ཀྱི་འབྲེལ་བར་ངོས་འཛིན་ཞུ་གི་ཡོད། སློབ་མར་གོད་ཆགས་བྱུང་དུས་དགེ་རྒན་གྱིས་རོགས་རམ་བྱེད་དགོས་པ་དང་། དགེ་ཕྲུག་ལ་དཀའ་ངལ་འཕྲད་དུས་དགེ་རྒན་ལ་ལྟ་རྟོག་བྱེད་རྒྱུའི་འགན་ཡོད་པ་ཡིན། དེར་བརྟེན་འདས་པའི་མི་ལོ་ ༥༠ ཉམས་མྱོང་ལ་གཞིགས་ན་དགེ་རྒན་ཚོས་ང་ཚོར་གང་ཅིའི་ཐད་ལྷག་བསམ་རྣམ་དག་གིས་ལྟ་རྟོག་ཤུགས་ཆེ་གནང་བྱུང་བ་དེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ནས་རྟག་ཏུ་བརྗོད་པར། ཆབ་སྲིད་ཀྱི་ཐོག་སྤྱིར་རྒྱ་གར་གྱིས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་ལྷག་པར་བོད་དོན་ཐོག་རྒྱ་གར་གཞུང་དོགས་ཟོན་ཆེ་དྲག་པའི་ཚོར་སྣང་ཞིག་སྐབས་རེ་ངོས་ལ་ཡོང་གི་འདུག དེ་ལྟར་གནང་ཡང་འགྲིགས། ངོས་ཀྱི་བསམ་པར་རྒྱ་གར་གཞུང་གིས་ང་ཚོར་རོགས་རམ་ཧ་ཅང་མང་པོ་གནང་བྱུང་། དེར་བརྟེན་ང་ཚོས་བཀའ་དྲིན་རྗེས་དྲན་ཆེད་དུ་འབྲེལ་ཡོད་རྣམས་ལ་སེམས་གཏིང་ནས་ཐུགས་རྗེ་ལེགས་འབུལ་ཞུ་རྒྱུ་ནི་ང་ཚོའི་དོར་དུ་མེད་པའི་འགན་དཀྲི་ཞིག་ཡིན། དེ་བཞིན་ནང་པ་དང་ཧིན་དྷུའི་གཉིས་བར་ཐུན་མོང་གི་འཛིན་སྟངས་ཤིག་ཡོད་པ་དེ་ནི་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྐྱེ་བ་ཡང་ཡང་ལེན་རྒྱུ་ཡོད་པ་དེ་ཡིན། དེས་ན་ད་ལྟ་འཛམ་གླིང་འདིའི་ཐོག་གནས་མེད་པ་དང་། ང་ཚོ་དང་མཉམ་དུ་མེད་པའི་སྐྱེ་བོ་དེ་དག་གི་ཆེད་དུ་གསོལ་བ་སྨོན་ལམ་འདེགས་རྒྱུ་དེ་ཡང་ང་ཚོའི་དོར་དུ་མེད་པའི་འགན་དཀྲི་ཡིན། གཞན་གང་ཡང་ཞུ་རྒྱུ་མེད། ངོས་ཀྱིས་ཞུ་འདོད་པ་དེ་རྣམས་བསྒྲགས་གཏམ་ཐོག་བཀོད་དེ་འགྲེམས་སྤེལ་ཞུས་ཡོད། དེ་ལས་ལྷག་པ་གང་ཡང་ཞུ་རྒྱུ་མེད།
འདས་པའི་ལོ་ངོ་ ༥༠ དེའི་ནང་ངོས་སྒེར་གྱི་ཉམས་མྱོང་གི་ཆ་ཤས་ཤིག་ཞུས་ན། ལོ་རབས་ལྔ་བཅུ་པའི་འགོ་སྟོད་དུ་ཏན་ཏན་ངོས་རང་རྒྱ་གར་གྱི་ཐོག་རྒྱུས་མངའ་ཏོག་ཙམ་ཡོད། ལོ་རབས་བཞི་བཅུ་པའི་དུས་སྨད་དུ་ཀ་སྦག་ནས་བོད་ཡིག་གི་གསར་ཤོག་སྤུས་ཀ་དེ་ཙམ་མེད་པ་ཞིག་འཐོན་གྱི་ཡོད། དེ་བརྒྱུད་དེ་ང་ཚོར་ཡང་ཡང་དམག་ཆེན་གཉིས་པའི་སྐོར་དང་། རྒྱ་གར་གྱི་རང་བཙན་ལས་འགུལ། ལྷག་པར་བདག་ཉིད་ཆེན་པོ་གྷན་དྷི་མཆོག་དང་དངོས་སུ་མཇལ་རྒྱུ་བྱུང་མེད་ཀྱང་། གོང་གསལ་གསར་ཤོག་དེ་བརྒྱུད་ནས་ཁོང་གི་མཚན་སྙན་གྲགས་བཅས་ཤེས་རྟོགས་ཡོང་གི་ཡོད། གསར་ཤོག་དེ་འགྲེམས་སྤེལ་བྱེད་མཁན་ནི་ཡེ་ཤུའི་ཆོས་ལ་དད་པ་བྱེད་མཁན་ཁུ་ནུ་བ་ཞིག་ཡིན་པ་དང་། ཁོང་ནི་བོད་ལ་ལྷག་བསམ་རྣམ་དག་གི་ཤ་ཚ་དང་སེམས་ཁུར་ཡོད་མཁན་ཞིག་ཡིན་པ་དང་། དེ་ནི་ང་ཚོར་འབྱོར་བའི་གསར་ཤོག་གཅིག་པུ་དེ་རེད།
དེ་རྗེས་ཕྱི་ལོ་ ༡༩༥༤ ལོར་ཕྱི་རྒྱལ་གྱི་གནད་ཡོད་མི་སྣ་དང་། རྒྱ་ནག་གཞུང་གི་གནད་ཡོད་མི་སྣ་དེ་དག་དང་ལྷན་དུ་ངོས་ཀྱང་པེ་ཅིང་དུ་ཡོད། དེའི་སྐབས་ཕྱི་རྒྱལ་གྱི་དཔོན་རིགས་ཁྲོད་དུ་ནེ་ཧ་རུ་ཡང་འདུག དེའི་སྐོར་ངོས་ཀྱི་(ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།)ཞེས་པའི་དེབ་ནང་གསལ་པོ་བཀོད་ཡོད། ཐེངས་ཤིག་ནེ་ཧ་རུར་ཕེབས་བསུ་ཞུ་སྐབས་རྒྱ་ནག་གི་དཔོན་རིགས་ཚོའི་ཁྲོད་དུ་ངོས་ཀྱང་ཡོད། ངོས་ལ་ཆབ་སྲིད་ཀྱི་ཐོག་རྒྱལ་ཡོངས་མི་མང་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་གོ་གནས་ཡོད་སྟབས་རྒྱ་ནག་གི་དམག་དཔོན་སོགས་དཔོན་རིགས་ཀྱི་གྲལ་ལྟར་ནང་ངོས་ཀྱང་ཡོད། ཀྲའུ་ཨན་ལན་དང་ནེ་ཧ་རུ་རྣམ་གཉིས་ལྷན་དུ་བཞུགས་འདུག ཀྲའུ་ཨན་ལན་གྱིས་ནེ་ཧ་རུ་ལ་ངོས་ཏཱ་ལའི་བླ་མ་རེད་ཅེས་ངོ་སྤྲོད་ཞུས་སོང་། སྐབས་དེར་ནེཧ་རུ་ཡུད་ཙམ་རིང་ཅི་ཡང་མ་གསུང་པར་དགོངས་པ་བཞེས་ཏེ་བཞུགས་སོང་། ཀྲའུ་ཨན་ལན་ནི་མི་ཧ་ཅང་སྤྱང་པོ་ཞིག་རེད། ངོས་ཀྱང་ཏོག་ཙམ་སྤྱང་པོ་ཡོད་པས་ལག་པ་བཏང་ནས་ཁོང་ལ་འཚམས་འདྲི་ཞུས་པ་ཡིན། ཡུད་ཙམ་རིང་དགོངས་པ་བཞེས་ཏེ་བཞུགས་པའི་རིང་ཁོང་ལ་ལོ་རབས་བཞི་བཅུ་པའི་ནང་གི་འདས་པའི་ཡུན་རིང་བྱ་བའི་བརྒྱུད་རིམ་དང་། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་སོགས་ཁོང་གི་དགོངས་པར་འཆར་ཡོད་པ་ངོས་ལ་ཚོར་བ་དེ་འདྲ་ཞིག་བྱུང་། དེས་ནེཧ་རུའི་ཐུགས་གཏིང་ནས་བོད་ཀྱི་གནད་དོན་དེ་གལ་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་གསལ་པོ་མཚོན་པ་ཞིག་རེད།
ཕྱི་ལོ་ ༡༩༥༦ ལོར་སྟོན་པ་མྱ་ངན་ལས་འདས་ཏེ་ལོ་ ༢༥༠༠ འཁོར་བའི་དྲན་གསོའི་དུས་སྟོན་ཆེད་རྒྱ་གར་ལ་ཞབས་སོར་འཁོད་སྐབས་ནེ་ཧ་རུ་དང་མཇལ་མོལ་ཐེངས་འགའ་ཤས་བྱུང་རྗེས་ཉིན་གཅིག་ནེཧ་རུས་ཆིངས་ཡིག་དོན་ཚན་ ༡༧ ཕྱག་ཏུ་བསྣམས་ནས་ཧའི་ཌར་བྷ་ཌེ་ཁང་པར་ཕེབས་བྱུང་། སྐབས་དེར་ངོས་རང་དེ་གར་བསྡད་ཡོད། ཡིག་ཕྲེང་ཁ་ཤས་ལ་རྟགས་བསྐྱོན་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་ཡིག་ཆ་ངོས་ལ་བསྟན་ནས། ཁྱེད་རང་བོད་ལ་ཕྱིར་ལོག་བྱས་ཏེ་དོན་ཚན་དེ་དག་གཞི་རྩར་བཟུང་སྟེ་འཐབ་རྩོད་བྱེད་དགོས། ཞེས་གསུང་བྱུང་། ཕྱི་ལོ་ ༡༩༥༦ ལོར་ངོས་རྒྱ་གར་དུ་ཡོད་སྐབས་ངོས་ཀྱི་ལས་བྱེད་མི་སྣ་ཚོས་མཐའ་གཅིག་ཏུ་བོད་ལ་ཕྱིར་ལོག་བྱེད་མི་རུང་ཞེས་བརྗོད་ཀྱི་འདུག གང་ཡིན་ཟེར་ན་སྐབས་དེ་དུས་ནས་བོད་ཀྱི་ཤར་ཕྱོགས་ས་ཁུལ་སི་ཁྲོན་ཞིང་ཆེན་ནང་མངོན་གསལ་དོད་པོའི་ཐོག་ནས་ཟིང་འཁྲུག་ལངས་འགོ་བཙུགས་ཟིན་ཡོད། གནས་ཚུལ་ཚབས་ཇེ་ཆེར་འགྲོ་བཞིན་ཡོད། དེར་བརྟེན་ངོས་བོད་དུ་ཕྱིར་ལོག་བྱེད་མི་རུང་བའི་བསམ་ཚུལ་ཤུགས་ཆེ་ཡོད་པ་དེ་གཞིར་བཟུང་། ངོས་ཀྱིས་ནེཧ་རུ་མཆོག་ལ་ངོས་འདི་གར་སྡོད་དགོས་རྒྱུའི་བསམ་ཚུལ་ཤུགས་ཆེ་ཡོང་གི་འདུག ཅེས་ཞུས་པ་ཡིན། དེ་རྗེས་ནེ་ཧ་རུས་ཁྱེད་རང་བོད་དུ་ལོག་སྟེ་གོང་དུ་བརྗོད་པ་བཞིན་ཆིངས་ཡིག་དོན་ཚན་ ༡༧ གཞིར་བཟུང་། རྒྱ་མི་དང་འཐབ་རྩོད་བྱས་ཏེ་དེ་དག་དོན་དུ་འཁྱོལ་བ་བྱེད་དགོས། ཞེས་གསུང་བྱུང་། མཐའ་དོན་ཕྱི་ལོ་ ༡༩༥༧ ལོར་ངོས་རང་བོད་དུ་ཕྱིར་ལོག་བྱས་ནས་ནེཧ་རུས་ལམ་སྟོན་གནང་བ་གཞིར་བཟུང་འཐབ་རྩོད་བྱས་པ་ཡིན། ངོས་གྲོ་མོར་འབྱོར་མ་ཐག་ངོས་ཀྱིས་རྒྱ་མིའི་ལས་བྱེད་པས་གཙོས་ས་གནས་ཀྱི་དཔོན་རིགས་ཁག་བསྡུ་སྐོང་བྱས་ཏེ་ངོས་ནས་ང་ཚོའི་ལེགས་པའི་ཆ་དེ་དག་མི་གཞན་ལ་བསྔགས་བརྗོད་དུ་བཅུག ང་ཚོའི་ལས་འགན་ནི་དགོས་ངེས་དང་དཀའ་ངལ་གྱི་ཆ་དེ་དག་ལ་བལྟས་ནས་བགྲོ་གླེང་བྱས་ཏེ་སེལ་ཐབས་བྱེད་དགོས་ཞེས། གྲོ་མོ་དང་། རྒྱལ་རྩེ། དེ་ནས་གཞི་ཀ་རྩེ། མཐའ་མ་ལྷ་ས་བར་དུ་ངོས་ཀྱི་བསམ་ཚུལ་དང་ཐབས་ལམ་དེ་འཁྱེར་ཏེ་ཕྱིན་པ་ཡིན། དེ་ནས་ངོས་ཀྱིས་ཀྲུའུ་ཞི་མའོ་ཙེ་ཏུང་ལ་སྔ་ཕྱིར་ཡི་གེ་ཐེངས་གསུམ་ཙམ་བྲིས་ཏེ་ཕུལ་བ་ཡིན། གང་ཡིན་ཟེར་ན་ཕྱི་ལོ་ ༡༩༥༤ ནས་ ༡༩༥༥ ལོར་ངོས་རང་རྒྱ་ནག་ཏུ་ཡོད་སྐབས་ཁོང་གིས་ངོས་ལ་ ངས་དམག་དཔོན་གཙོས་པའི་རྒྱ་རིགས་ལས་བྱེད་པ་ཁག་གཅིག་བོད་དུ་ཁྱེད་རང་གི་རོགས་པར་བཏང་ཡོད། གལ་ཏེ་ལས་བྱེད་དེ་དག་གིས་ཁྱེད་རང་གི་འདོད་པ་གཞིར་བཟུང་ལས་ཀ་བྱེད་ཀྱི་མི་འདུག་ན་ང་ལ་བརྗོད་དགོས། ངས་དེ་དག་ཕྱིར་འཐེན་བྱས་ཆོག་ཅེས་ལྷག་བསམ་རྣམ་དག་གིས་ཁས་ལེན་གནང་བྱུང་། དེར་བརྟེན་ཕྱི་ལོ་ ༡༩༥༥ ལོའི་དབྱར་དུས་ངོས་རྒྱ་ནག་ནས་བོད་དུ་ཕྱིར་ལོག་བྱེད་སྐབས་ལམ་དུ་ཀྲང་གའོ་ཧཱ་ཐུག་བྱུང་། ཁོང་ནི་རྒྱ་ནག་གི་དམག་སྡེ་ཨང་བཅོ་བརྒྱད་པའི་དམག་དཔོན་དང་ངོས་སྒེར་གྱི་གྲོགས་པོ་ཡིན། ཁོང་པེ་ཅིང་དུ་འགྲོ་བ་ངོས་གཉིས་ཀོང་པོའི་ས་ཁུལ་ཉིང་ཁྲིར་ཐུག་བྱུང་། ངོས་ཀྱིས་ཁོང་ལ་ན་ནིང་ངོས་ལམ་འདི་བརྒྱུད་ནས་རྒྱ་ནག་ཏུ་འགྲོ་སྐབས་ངོས་ཀྱི་སེམས་ནང་དོགས་པ་དང་ཐེ་ཚོམ་ཆེན་པོས་ཁེངས་ཡོད། ད་ལྟ་ངོས་རང་ལམ་འདི་བརྒྱུད་དེ་ཕྱིར་ལོག་ཡོང་སྐབས་ངོས་ཀྱི་སེམས་ནང་གདེང་ཚོད་དང་སྤྲོ་ཤུགས་ཀྱིས་ཁེངས་ཡོད། ཅེས་བརྗོད་པ་ཡིན།
ངོས་རང་རྒྱ་ནག་ཏུ་ཡོད་སྐབས་མ་ཁེ་སེ་རིང་ལུགས་དང་། སྤྱི་ཚོགས་རིང་ལུགས། རྒྱལ་སྤྱིའི་ལས་བཟོའི་ལས་འགུལ་སོགས་ཤེས་པར་བརྟེན་ཡིད་དབང་འཕྲོག་པོ་བྱུང་། དེར་བརྟེན་ངོས་ནས་འབྲེལ་ཡོད་རྒྱ་ནག་གི་ལས་བྱེད་ཚོར་ངོས་ཀྱང་སྤྱི་ཚོགས་རིང་ལུགས་པ་ཞིག་བྱེད་ཀྱི་ཡིན། ཞེས་བརྗོད་པ་ཡིན། ད་ཆ་ལོ་ ༧༤ ལ་སླེབས་པའི་ནང་པའི་གྲྭ་པ་ཞིག་ཡིན། སྤྱི་ཚོགས་དང་དཔལ་འབྱོར་གྱི་རྣམ་གཞག་ཐད་ད་དུང་ཡང་མ་ཁེ་སེ་རིང་ལུགས་ལ་མོས་པ་ཡོད། སྙན་གྲགས་ཅན་གྱི་མ་ཁེ་སེ་རིང་ལུགས་པ་དེ་དག་རྗེས་སུ་དབང་ཤུགས་དང་། གང་འདྲ་བྱས་ཏེ་དབང་བསྒྱུར་བྱེད་དང་། གཡོ་བྱུས་གང་འདྲ་བཤམ་དགོས་བཅས་ཀྱི་ཐོག་ལ་ཁ་ཕྱོགས་འགྱུར་ཤུགས་ཆེ་རུ་ཆེ་རུ་ཕྱིན་པ་དེ་ནི་དངོས་གནས་ངོ་ཚ་དགོས་པ་ཞིག་ཡིན། དེ་ལ་ངོས་ནས་མཐའ་གཅིག་ཏུ་དགག་པ་ཡོད། ཡིན་ནའང་མ་ཁེ་སེའི་ལྟ་གྲུབ་དྭངས་གཙང་ལ་ད་དུང་ཡང་ཡིད་ཆེས་ཡོད། འོན་ཀྱང་འདས་པ་ནི་འདས་པ་རང་རེད། དེར་བརྟེན་ཕྱི་ལོ་ ༡༩༥༧ ལོར་མའོ་ཀྲུའུ་ཞིས་སྔོན་དུ་ཁས་ལེན་བྱས་པ་བཞིན་ངོས་ཀྱིས་ཡི་གེ་བཏང་བར་ཡིག་ལན་མ་བྱུང་། རིམ་པས་ངོས་ཀྱིས་ཤེས་ཚོར་བྱུང་བར། རྒྱ་མིའི་ཁ་དཔེ་ལ་ཁོང་ཚོས་ངའི་སྐད་ཆ་ལས་ངོ་སོ་ལ་མང་བ་ལྟ་གི་རེད། ཟེར་བ་ནང་བཞིན་མའོ་ཀྲུའུ་ཞིའི་སྐད་ཆ་སྙན་པོ་དང་བྱ་སྤྱོད་ངོ་མ་ཧེ་བག་འདུག གང་ལའང་ལ་མ་ལྟོས་པར་ངོས་ཀྱིས་ནེ་ཧ་རུའི་ལྟ་ཚུལ་གཞིར་བཟུང་འཐབ་རྩོད་བྱས་ཀྱང་ཕན་ཐོགས་མ་བྱུང་།
ཕྱི་ལོ་ ༡༩༥༩ ལོར་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་ཏེ་། ངོས་རང་གི་སྲོག་ལའང་ཉེན་ཁ་སླེབས་པར་བརྟེན་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་གྱི་མཚན་ལྷ་སའི་ཆུ་ཚོད་ ༡༠།༠༠ ཐོག་ང་ཚོ་ནོར་གླིང་ནས་བྲོས་བྱོལ་དུ་ཡོང་བ་ཡིན། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡ ཉིན་ང་ཚོ་རྒྱ་གར་གྱི་ས་མཚམས་སུ་འབྱོར་ཞིང་། དེ་ནས་བཟུང་ང་ཚོ་བཙན་བྱོལ་བ་དང་། ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག སྡོད་ཁྱིམ་མེད་པའི་མི་བཅས་ཆགས་པ་རེད། སྟབས་ལེགས་པ་ཞིག་ལ་སྡོད་ཁྱིམ་མེད་པའི་མི་དེ་དག་ལ་དགའ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་རྙེད་ཅིང་། ང་ཚོ་བོད་ཀྱི་གཏམ་དཔེར་གང་སྐྱིད་ང་ཡི་ཕ་ཡུལ་དང་། སུ་བྱམས་ང་ཡི་ཕ་མ་ཞེས་པའི་བཤད་སྲོལ་ཞིག་ཡོད་པ་དེ་ང་ཚོ་བོད་པའི་གནས་བབ་ལ་ཕན་རླབས་ཆེན་པོ་བྱུང་།
རྒྱ་གར་ནང་རང་དབང་ཡོད་པ་དང་། ཤ་ཚ་དང་ཤུགས་ཆེའི་རྒྱབ་སྐྱོར་ཡོད་པ་བཅས་ལ་བརྟེན་ནས་ང་ཚོས་དེང་དུས་ཀྱི་ཤེས་ཡོན་དང་ཆབས་ཅིག་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ན་ལེཎྡྲ་ནས་དར་ཁྱབ་བྱུང་བའི་ལྷད་མེད་ཀྱི་བོད་ཀྱི་ནང་ཆོས་དང་། དེ་བཞིན་བོད་ཀྱི་སྐད་ཡིག་ལ་སོགས་པ་མི་ཉམས་བརྒྱུད་འཛིན་བྱེད་ཐུབ་པ་བྱུང་ཡོད། འཛམ་གླིང་འདིའི་ཐོག་གི་གྲངས་ཉུང་མི་རིགས་ཁག་གཅིག་གིས་སོ་སོའི་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་རྒྱུན་འཛིན་བྱ་རྒྱུ་སེམས་ཁུར་ཆེ་དྲག་ནས་དེང་དུས་ཀྱི་ཤེས་ཡོན་ལྡན་པའི་མི་རིགས་དང་རྒྱང་ཐག་རིང་དུ་གནས་པ་དེ་ནི་ནོར་འཁྲུལ་ཡིན་ཞིང་། ཡག་ཤོས་དེང་དུས་ཀྱི་ཤེས་ཡོན་དང་ཆབས་ཅིག་སོ་སོའི་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་རྒྱུན་འཛིན་བྱ་རྒྱུ་དེ་ཡིན། ནེ་ཧ་རུ་སྐུ་སྒེར་གྱི་ཐོག་ནས་བོད་མིས་འཛིན་སྐྱོང་བྱེད་པའི་སློབ་གྲྭ་ཁག་ཟུར་དུ་འཛུགས་རྒྱུའི་ཐད་དམིགས་བསལ་དོ་སྣང་གིས་ཐུགས་ཁུར་ཆེན་པོ་བཞེས་ཡོད། ཐོག་མར་ཤེས་རིག་བློན་ཆེན་ཤྲི་མ་ལི་(Dr. K.L Shrimali)ནས་འགྲོ་གྲོན་ཆ་ཚང་རྒྱ་གར་གཞུང་ནས་བཏང་གནང་ཡོད། ལོ་ངོ་ ༥༠ སོང་རྗེས་སྲིད་བྱུས་དེ་དག་ལ་ཉམས་ཞིབ་བྱེད་སྐབས་གནད་འགག་ནི་རྒྱ་གར་ནང་ཡོད་པའི་བོད་མིའི་སྤྱི་ཚོགས་ཀྱི་དེང་དུས་ཤེས་ཡོན་གྱི་གནས་ཚད་དེ་བོད་ནང་གི་ཤེས་ཡོན་གྱི་གནས་ཚད་ལས་ཧ་ཅང་ཡག་པ་ཡོད། དེ་ནི་ང་ཚོའི་གྲུབ་འབྲས་ཧ་ཅང་ཆེན་པོ་ཞིག་ཡིན། དེས་མ་ཚད་བོད་ཀྱི་ནང་ཆོས་སློབ་གཉེར་ཁང་དང་། དགོན་སྡེ་ཁག་གི་སློབ་གཉེར་ཁང་བཅས་གསར་འཛུགས་བྱས་ཡོད། ཐོག་མར་རྒྱ་གར་གཞུང་ནས་དགེ་འདུན་པ་གྲངས་ ༣༠༠ ཙམ་ཤོང་པའི་སྦག་ས་ཆོས་སྒར་གོ་སྒྲིག་གནང་ཡོད། འོན་ཀྱང་སྐབས་དེ་དུས་ང་ཚོར་དགེ་འདུན་པ་དང་དགེ་རྒན་ཁྱོན་བསྡོམས་ཉུང་མཐར་མི་གྲངས་ ༡༥༠༠༠ ཙམ་ཡོད་སྟབས་གོང་གསལ་ཉུང་དྲག་ལུགས་རེ་སྐུལ་ཞུས་པར་རྒྱ་གར་གཞུང་ནས་ཁས་ལེན་གནང་སྟེ། ད་ལྟའི་ནང་པའི་སློབ་གཉེར་ཁང་འདྲ་མིན་འདི་དག་བྱུང་གཞིའི་རྩ་བའི་ས་བོན་འདི་ཡིན། སྤྱིར་རྒྱ་གར་ནང་གི་བོད་པའི་གནས་སྟངས་སྐྱོ་པོ་དང་དཀའ་ངལ་མང་པོ་ཞིག་ཡོད་ནའང་སྤྱི་ཡོངས་ནས་བྱས་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་བཙན་བྱོལ་བའི་སྤྱི་ཚོགས་ནང་ནས་ཡག་ཤོས་ཤིག་ཆགས་ཡོད། ང་ཚོའི་འདས་པའི་ལོ་ ༥༠ ལ་ཕྱིར་མིག་ལྟ་དུས་གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ནི་རྒྱ་གར་གཞུང་གི་བཀའ་དྲིན་ཡིན། རྒྱ་གར་གཞུང་དང་མངའ་སྡེ་མང་པོ་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། དམིགས་བསལ་ཀར་ནཱ་ཊ་ཀ་མངའ་སྡེས་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། དེར་ཡང་སྒྲུང་ཞིག་ཡོད་པ་རེད། ཕྱི་ལོ་ ༡༩༥༦ ལོར་སྟོན་པ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་ཆེན་སྐབས་ངོས་རྒྱ་གར་དུ་ཡོད་དུས་ང་ཚོའི་ལྟ་སྐོར་བྱེད་ཡུལ་གྱི་ས་གནས་གཅིག་སྦེང་ལོར་ཡིན། སྦེང་ལོར་གྱི་སྐྱེད་ཚལ་ལྡུམ་རྭའི་དབུས་སུ་ཤེལ་ཁང་ཞིག་འདུག ཐེངས་ཤིག་དེར་དགོང་དྲོའི་གསོལ་སྟོན་ཞིག་བཤམ་གནང་སོང་བ་དང་ཅོག་ཙེ་རིང་པོ་ཞིག་འདུག་དེའི་གྲལ་ལྟར་དུ་སྦེང་ལོར་གྱི་སྤྱི་ཁྱབ་བློན་ཆེན་ལིང་ག་པ་དང་། ཁོང་གི་འཁྲིས་སུ་ངོས་དང་པཌྷ་ཆེན་རིན་པོ་ཆེ་ཡོད། རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་ཚོ་ཡང་ང་ཚོ་དང་མཉམ་དུ་ཡོད། ལིང་ག་པས་ངོས་ཀྱི་རྣ་ཅོག་ནང་ཤབ་ཤུབ་ཀྱིས་ཁོང་གི་ངོས་ནས་བོད་རང་བཙན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད། ཅེས་གསུངས་བྱུང་། ངོས་རང་ཏོག་ཙམ་དངངས་སྐྲག་སྐྱེས་བྱུང་། གང་ཡིན་ཟེར་ན་རྒྱ་མིའི་ལས་བྱེད་པ་དེ་གར་ཡོད་པ་རེད། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་སྐྱབས་བཅོལ་བ་ཆགས་པའི་སྐབས་སུ་ནེ་ཧ་རུས་རྒྱ་གཞུང་གི་མངའ་སྡེ་ཁག་ལ་གཞིས་ཆགས་ཀྱི་ས་ཆ་རོགས་རམ་དགོས་པའི་ཕྱག་བྲིས་གནང་བར་བཟང་ཕྱོགས་ཀྱི་ཡིག་ལན་མགྱོགས་ཤོས་ཕུལ་མཁན་མལ་སོར་མངའ་སྡེ་ཆགས་ཡོད།
ཕྱི་ལོ་ ༡༩༥༦ ལོར་ངོས་རང་རྒྱ་གར་དུ་ཡོད་སྐབས་ག་ཡའམ་ཡང་ན་པཊ་ནའི་གཡས་གཡོན་དེ་འདྲ་ཞིག་ལ་ཇའི་པར་ཀཱ་ཤ་ནཱ་ར་ཡན་ (Jay Prakash Narayan) མཇལ་བྱུང་། སྐབས་དེར་ཁོང་གིས་ རྒྱ་གར་བ་ཚང་མ་ཁྱེད་རང་གི་རྒྱབ་ལ་ཡོད། གལ་ཏེ་སྟབས་མི་ལེགས་པའི་གནས་ཚུལ་སོགས་བྱུང་ཚེ་བློ་འགྱོད་བྱེད་དགོས་དོན་མེད་ང་ཚོ་ཡོད་པ་རེད། ཅེས་ཁས་ལེན་གནང་བྱུང་། སྐབས་དེར་འབྲས་ལྗོངས་སུ་བཅའ་སྡོད་དབྱིན་གཞུང་སྐུ་ཚབ་ཀྱང་མཉམ་དུ་ཡོད། དེ་ནས་སྒང་ཏོག་ཏུ་ང་ཚོ་ཕེབས་སྐྱེལ་གྱི་དགོང་དྲོའི་གསོལ་སྟོན་མཐའ་མའི་སྐབས་སུ་ཡང་ཁོང་གིས། “ད་ཆ་ཁྱེད་རང་ས་མཚམས་བརྒལ་ནས་ཕེབས་མཁན་ཡིང་ཡང་། འདི་གར་ང་ཚོས་ཁྱེད་རང་ལ་རོགས་རམ་ཞུ་རྒྱུའི་གྲ་སྒྲིག་བྱས་ཏེ་ཡོད་པ་ཁྱེད་ཀྱིས་དྲན་པ་གནང་དགོས་ “ཞེས་གསུང་བྱུང་། ཡིན་ནའང་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ནང་དུས་ཟིང་བྱུང་དུས་རྒྱ་གར་ནས་སུ་ཡང་ཡོང་མཁན་མི་འདུག ཨ་རི་ནི་མང་གཙོ་དང་རང་དབང་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་གཅིག་ཡིན་པར་བརྟེན་སྐབས་དེར་བོད་མི་མང་པོ་ཞིག་གིས་ཨ་རི་ནས་རྒྱབ་སྐྱོར་ཡོང་རྒྱུའི་རེ་བ་བྱེད་ཀྱི་འདུག འོན་ཀྱང་ཨ་རི་ནས་སུ་ཡང་ཡོང་མཁན་མི་འདུག དེར་བརྟེན་བོད་མི་ཁག་གཅིག་གིས་ཨ་མི་རི་ཁས་རྐུབ་བཤུད་བརྒྱབ་ནས་ཡོང་ཡང་ད་ལྟ་འབྱོར་ཚོད་ཡིན། ཞེས་བརྗོད་མཁན་བྱུང་ཡོད།
ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་དུ་འབྱོར་རྗེས་ཇའ་པར་ཀཱ་ཤ་ནཱ་རི་ཡན་ནས་ཨ་ཕ་རི་ཀ་ཨ་ཤི་ཡ་ལྷན་ཚོགས། ཞེས་པ་གཙོ་སྐྱོང་གནང་བ་རེད། དེ་ལྟ་བུའི་གནས་སྐབས་མང་པོའི་ཐོག་ཁོང་གིས་བོད་དོན་ཐད་གཏམ་བཤད་ཤུགས་ཆེ་གནང་ཡོད། ཁོང་གི་དུས་སྐབས་ཀྱི་མི་མང་པོ་ཞིག་གིས་བོད་དོན་ཐོག་རྒྱབ་སྐྱོར་གནང་ཡོད། ད་ཆ་དུས་སྐབས་དེའི་མི་རབས་རྫོགས་འགྲོ་གི་ཡོད་པ་དེ་ནི་ཆོས་ཉིད་རེད། དེང་སང་རྒྱ་གར་རྒྱལ་ཁབ་འདིའི་གཞོན་སྐྱེས་ཚོའི་ནང་བོད་ཀྱི་གནད་དོན་ལ་ཧ་ཅང་དོ་སྣང་དང་སེམས་ཁུར་བྱེད་མཁན་ཇེ་མང་དུ་འགྲོ་བ་དེ་ནི་ང་ཚོའི་སེམས་ཤུགས་འཕར་བའི་རྒྱུ་རྐྱེན་ཞིག་རེད། དེ་བཞིན་རྒྱ་གར་གྱི་ས་གནས་གང་སར་བོད་དོན་རྒྱབ་སྐྱོར་བ་ཡོད་ཅིང་། དེའི་ནང་ལོ་ན་བགྲེས་པ་ཙམ་མ་ཡིན་པར་གཞོན་སྐྱེས་མང་པོས་ལྷག་བསམ་རྣམ་དག་གི་སེམས་ཁུར་བྱེད་ཀྱི་འདུག དེ་བཞིན་རྒྱལ་ཁབ་འདིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་བོད་དོན་ཐོག་དོ་སྣང་དང་སེམས་ཁུར་བྱེད་མཁན་ཇེ་མང་དུ་འགྲོ་གི་འདུག ཡང་རྒྱ་ནག་གཞུང་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན་ཁོང་ཚོའི་ལྟ་བ་མཁྲེགས་པོ་དེས་རྐྱེན་པས་བོད་དོན་ཐོག་རྒྱ་གར་ཙམ་མ་ཡིན་པར་རྒྱལ་སྤྱིའི་ཐོག་ནས་ཀྱང་དོ་སྣང་ཤུགས་ཆེ་བྱེད་དགོས་པ་བྱུང་བ་དེས་ཡིན། འདས་པའི་མི་ལོ་ ༥༠ རིང་ང་ཚོས་བོད་མིའི་གཞིས་ཆགས་ཁག་གསར་འཛུགས་དང་ལྷག་པར་དུ་ཤེས་ཡོན་ཐད་ཤུགས་སྣོན་བརྒྱབ་པ་མ་ཟད། ཆབ་སྲིད་ཀྱི་ཐོག་རང་དབང་རྩོད་ལེན་བྱས་ཡོད། ངོས་སྒེར་གྱི་ངོས་ནས་བརྗོད་ནའང་ཆོས་ལུགས་འདྲ་མིན་ཁག་གི་མཁས་དབང་རྣམ་པ་མཇལ་འཕྲད་བཀའ་མོལ་ཞུ་རྒྱུ་བྱུང་བ་དེས། འབྱུང་ཁུངས་མི་འདྲ་བའི་ལྟ་གྲུབ་ཁག་གིས་ངོས་ཀྱི་བློ་སྒོ་ཆེ་སྟེ་ཡིད་ཆེས་ཀྱིེ་ངེས་པ་རྙེད་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད། རྒྱལ་ཁབ་འདིའི་ནང་ཆོས་ལུགས་ཕན་ཚུལ་བར་བཟོད་བསྲན་བྱས་ཏེ་ལོ་ངོ་སྟོང་ཕྲག་བསྡད་ཀྱང་། སྐབས་རེ་མི་འོས་པའི་གནས་ཚུལ་ཡོང་གི་ཡོད་པ་དེ་ནི་ཆོས་ཉིད་རེད། འོན་ཀྱང་སྤྱིའི་ཆ་ནས་ཆོས་ལུགས་བར་བཟོད་བསྲན་བྱ་རྒྱུ་རྒྱལ་ཁབ་འདིའི་ནང་གསོན་ཤུགས་ལྡན་པའི་ངང་གནས་ཡོད། དེར་བརྟེན་ངོས་ནས་ཀྱང་དུས་རྟག་ཏུ་ཆོས་ལུགས་བར་བཟོད་བསྲན་གྱི་ལྟ་གྲུབ་དེ་གོང་འཕེལ་གཏོང་རྒྱུར་འབད་པ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ངོས་རང་རྒྱལ་ཁབ་འདྲ་མིན་ཁག་ནང་སྐད་ཆ་བཤད་རྒྱུའི་གོ་སྐབས་ནམ་བྱུང་ལ་ངོས་ཀྱིས་རྒྱ་གར་དཔེ་གཞིར་བཟུང་ནས་ཆོས་ལུགས་བཟོད་བསྲན་གྱི་ཐོག་ཤུགས་གནོན་རྒྱག་དགོས་སྐོར་བརྗོད་ཀྱི་ཡོད། དེར་བརྟེན་ངོས་རང་གི་མི་ཚེ་འདིའི་ནང་ཁས་ལེན་གཅིག་ནི་ཆོས་ལུགས་ཕན་ཚུན་བར་ཞི་མཐུན་མཉམ་གནས་གོང་འཕེལ་ཡོང་ཐབས་བྱ་རྒྱུ་དེ་ཡིན། འཚེ་མེད་ཞི་བ་ཞེས་པའི་གོ་དོན་ནི་ནང་སེམས་ཀྱི་ཐོག་ནས་བྱམས་སྙིང་རྗེ་དང་ཕྱི་ལུས་པོའི་ཐོག་ནས་འཚེ་མ་མི་བྱེད་པ་དེ་ཡིན། དེར་བརྟེན་འཚེ་མེད་ཞི་བ་ཞེས་པ་ནི་གཙོ་བོ་སྙིང་རྗེ་དང་འབྲེལ་བ་ཤུགས་ཆེ་ལ། བྱམས་སྙིང་རྗེ་ནི་ཆོས་ལུགས་ཚང་མའི་བསླབ་བྱའི་སྙིང་པོའང་ཡིན། ངོས་ཀྱི་བསམ་པར་སེམས་ཅན་སྤྱི་དང་། ལྷག་པར་ཨ་མའི་ནུ་མར་བརྟེན་ནས་འཚོ་བ་སྐྱེལ་མཁན་གྱི་སྲོག་ཆགས་ཀྱི་རྒྱུད་ལ་ཚད་གཞི་ངེས་ཅན་གྱི་བྱམས་སྙིང་རྗེའི་བསམ་བློ་ཡོད། དེ་ནི་སེམས་ཅན་དེའི་རང་བཞིན་ལྷན་སྐྱེས་སམ་ལུས་ཀྱི་གྲུབ་ཆའི་ཐོག་ནས་ཡོང་གི་ཡོད་ལ། དེ་ལྟར་ཡོང་དགོས་པའང་ཡིན། གང་ཡིན་ཟེར་ན་ཆུང་བྱིས་པའི་དུས་ནས་ཨ་མའི་བྱམས་སྐྱོང་ཁོ་ན་ལ་བརྟེན་ནས་འཚོ་བས་ཡིན། སྐབས་རེ་ཕྲུ་གུ་ལྟ་སྐྱོང་ཡོང་ཆེད་ཨ་མས་རང་གི་བདེ་བ་བློས་གཏོང་གི་ཡོད། དེ་ལྟ་བུའི་སེམས་ཚོར་དྲག་པོའི་བློས་གཏོང་འཇུག་མཁན་ནི་བྱམས་བརྩེའམ་ཡང་ན་སྙིང་རྗེ་ཡིན། བྱམས་བརྩེ་ནི་ཆོས་ནས་བྱུང་བ་ཞིག་མ་ཡིན་པར་རང་བཞིན་ལྷན་སྐྱེས་སུ་ཡོད་པ་ཞིག་ཡིན། ང་ཚོའི་མི་ཚེའི་ཐོག་མར་དེ་འདྲའི་ཐོག་ནས་འགོ་ཚུགས་པར་བརྟེན་ལུས་ཀྱི་གྲུབ་ཆ་ཡང་བྱམས་བརྩེ་ལྡན་པའི་སེམས་དང་འཚོ་གནས་ཡག་པོ་བྱེད་ཐུབ་ཀྱི་ཡོད། བྱམས་བརྩེའི་ལྡོག་ཕྱོགས་ཁོང་ཁྲོ་དང་། འཁོན་འཛིན་གཉིས་ནི་ང་ཚོའི་ཀླད་པའི་སྐྱོན་ཆ་ཞིག་ཡིན། དེ་ལྟ་བུའི་བྱམས་སྙིང་རྗེ་ནི་ཆོས་ལུགས་ཁག་དང་འབྲེལ་བ་མེད་སྟབས། ཁྱེད་རང་ཚོས་མི་གཞན་གྱི་འཕྲོད་བསྟེན་དང་། བློ་སེམས་བག་ཕེབས། ཁྱིམ་ཚང་ངམ་མི་སྒེར། སྤྱི་ཚོགས་བཅས་པ་དགའ་སྐྱིེད་ལྡན་པ་ཞིག་ཡོང་བ་ནི་བྱམས་བརྩེ་བྱ་རྒྱུར་ཐུག་ཡོད་པ་གསལ་བཤད་བྱེད་དགོས།
ཆོས་ལུགས་བར་བཟོད་བསྲན་དང་འཚེ་མེད་ཞི་བ་གོང་འཕེལ་གཏོང་རྒྱུའི་ལྟ་བ་དེ་ངོས་ཀྱིས་ཁྱེད་རང་ཚོའི་རིག་གཞུང་ནས་བླངས་པ་ཞིག་དང། དེ་ནི་ལོ་ངོ་སྟོང་ཕྲག་མང་པོའ་སྔོན་རྒྱ་གར་ནས་དར་ཁྱབ་བྱུང་བ་ལས་དེང་གི་གསར་པ་གང་ཡང་མིན། དེར་བརྟེན་ངོས་ཀྱིས་དུས་རྟག་ཏུ་ང་ནི་གནས་ཡུལ་རྒྱལ་ཁབ་འདིའི་ཕོ་ཉ་ཡིན་ཞེས་བརྗོད་ཀྱི་ཡོད། དེར་བརྟེན་ང་ཚོའི་དགེ་རྒན་ཁྱེད་རྣམ་པར་སོ་སོའི་རིན་ཐང་ལྡན་པའི་རིག་གཞུང་གི་འཚེ་མེད་ཞི་བ་དང་། ཆོས་ལུགས་ཀྱི་བཟོད་བསྲན་གཉིས་འཛམ་གླིང་ཡུལ་གྲུ་གང་སར་འཕེལ་རྒྱས་གཏོང་ཐབས་གནང་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ལ་ངོས་རང་ནི་དེའི་ཐད་ཀྱི་ཕོ་ཉ་ཆུང་ཆུང་ཞིག་ཡིན་པའི་ཆ་ནས་འབད་པ་གང་ཡོད་ཀྱིས་དར་སྤེལ་གཏོང་ཐབས་བྱེད་ཀྱི་ཡོད། དེ་ལུགས་ང་ཚོའི་དགེ་རྒན་ཚོའི་ངོས་ནས་གྲུང་ཙམ་གནང་རོགས། ངོས་ཕོ་ཉ་ཆུང་ཆུང་ཞིག་གིས་གང་སར་བསྐྱོད་དེ་དར་སྤེལ་གཏོང་ཐབས་བྱས། དགེ་རྒན་ཚོས་སྣང་མེད་ལྟ་བུ་བཞུགས་ན་ནོར་འཁྲུལ་ཞིག་རེད།
དེ་རིང་བོད་མིའི་གྲོགས་པོ་བོད་དོན་རྒྱབ་སྐྱོར་བ་ཚོ་འདི་གར་ཕེབས་འདུག ངོས་ཀྱིས་དུས་རྒྱུན་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་འདྲ་མིན་ཁག་ལ་འདི་ལྟར་བརྗོད་ཀྱི་ཡོད། ངོས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་བ་ནི་དྲང་བདེན་ལ་རྒྱབ་སྐྱོར་གནང་བར་ངོས་འཛིན་བྱེད་པ་ལས་བོད་མིར་རྒྱབ་སྐྱོར་གནང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། ཁྱེད་རྣམ་པ་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། བོད་པའི་འཐབ་རྩོད་ནི་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་པ་དང་། ང་ཚོའི་ལྟ་གྲུབ་ཡང་གཙོ་བོ་འཚེ་མེད་ཞི་བ་ཡིན། དེར་བརྟེན་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཁྱེད་རྣམ་པས་རང་གི་ཉིན་རེའི་འཚོ་བའི་བརྒྱུད་རིམ་ནང་འཚེ་མེད་ཞི་བའི་ཉམས་ལེན་དོན་དུ་འཁྱོལ་བ་དང་། རང་གི་མི་ཚེའི་ཆ་ཤས་ཤིག་ཏུ་ངེས་པར་འགྱུར་བ་གནང་། ཞེས་ཞུ་གི་ཡོད། འཚེ་མེད་ཞི་བའི་ཐོག་ནས་རང་དབང་འཐབ་རྩོད་བྱེད་མཁན་ཚོར་རྒྱབ་སྐྱོར་གནང་མཁན་ཚོས་ཀྱང་དེ་ཉམས་ལེན་གནང་བ་ཡིན་ན་ཧ་ཅང་ཡག་པོ་ཡོད། དེར་བརྟེན་ངོས་ཀྱིས་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ཁྱེད་རང་ཚོའི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གཞུང་ཉམས་ལེན་གྱིས་རང་སོ་སོའི་ཁྱིམ་ཚང་དང་། སྤྱི་ཚོགས་བཅས་པར་འཕེལ་རྒྱས་གཏོང་ཐབས་གནང་དགོས་པ་དང་། ཡང་ང་ཚོའི་དགེ་རྒན་བགྲེས་པ་ཤང་ཀར་ཨ་ཅརྱ་ཚོར་དེ་སྔ་བོད་པའི་བླ་མ་ཞིག་གི་གནས་སྟངས་དཔེར་བཀོད་དེ་འབོད་སྐུལ་ཞུ་རྒྱུར། ཕྱི་ལོ་ ༡༩༥༩ ལོ་བར་ངོས་རང་ཕོ་བྲང་པོ་ཏཱ་ལའི་ནང་འཛུལ་ནས་བསྡད་དེ་འགྲོ་བ་མི་མ་ཡིན་པ་ལྟ་བུའི་རྩ་ཆེ་མདོག་བྱེད་ཀྱི་ཡོད། འདི་གར་ཡོད་པའི་ཤང་ཀར་ཨ་ཅརྱ་ཚོས་ཀྱང་དེ་ལྟར་རྩ་ཆེ་མདོག་གིས་བཞུགས་ན་མི་འགྲིགས། དེ་འདྲའི་དུས་ཚོད་དེ་རྫོགས་ཟིན་པ་རེད། ཕྱི་ལ་ཕེབས་ནས་མི་མང་དང་མཉམ་དུ་འབྲེལ་བ་དང་། ཕྱག་ལས་གནང་སྟེ་སྔར་ལས་གྲུང་ཙམ་གནང་ནས། མ་འོངས་ལོ་ཟླའི་ནང་རྒྱལ་ཁབ་འདིར་མི་འབོར་ས་ཡ་བརྒལ་བ་ཡོད་པའི་ཁར་མང་གཙོ་དང་། ཁྲིམས་ཀྱི་དབང་འཛིན། དེང་དུས་ཀྱི་ཤེས་ཡོན། འཕྲུལ་ཆས། བཅས་ཡོད་པའི་ཐོག་བཟང་སྤྱོད་ཀྱི་ལྟ་གྲུབ་འཛིན་སྤེལ་བྱེད་ཐུབ་པ་བྱུང་ན། དེས་མི་འབོར་ཐེར་འབུམ་བརྒལ་བའི་ཁྱེད་རང་ཚོའི་རྒྱལ་ཁབ་ཆེན་པོ་འདིར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་དེ་ནི་གལ་ཆེན་པོ་ཡིན། སྤྱིར་ངོས་རང་མ་ཁེ་སེའི་ལྟ་གྲུབ་ལ་ཡིད་ཆེས་ཡོད་མཁན་ཞིག་ཡིན། ཡུ་རོབ་ཀྱི་ཡུལ་གྲུ་ཁག་ནང་མ་ཁེ་སེའི་རིང་ལུགས་ཉམས་རྒུད་དུ་ཕྱིན་ཏེ་འདས་པའི་དར་སྲོལ་ཞིག་ཏུ་གྱུར་ཡོད། དེ་བཞིན་ངོས་ཀྱི་བསམ་པར་རྒྱ་ནག་ནང་མི་མང་རེ་ཟུང་ཙམ་མ་གཏོགས་དམར་ཤོག་ལ་ཡིད་ཆེས་བྱེད་མཁན་མེད། ཁོང་ཚོའི་དོ་སྣང་བྱེད་ཡུལ་གཙོ་བོ་དེ་དངུལ་རེད། དེར་བརྟེན་ནང་བསམ་བློའི་ལྟ་གྲུབ་ཀྱི་ཐོག་ཁོང་ཚོར་གཅིག་མ་ཚང་བ་ལྟ་བུ་ཆགས་ཡོད། དོན་དངོས་ཐོག་ང་ཚོས་མ་བརྗེད་པ་བྱེད་དགོས་པ་ཞིག་ལ་ཁྱེད་ཚོའི་ཁྱིམ་མཚེས་རྒྱལ་ཁབ་མི་འབོར་འཐེར་འབུམ་བརྒལ་བ་དེ་དག་གལ་ཆེན་པོ་ཆགས་ཡོད་པ་དེ་ཡིན། ཁྱེད་ཚོའི་རིན་ཐང་ལྡན་པའི་རིག་གཞུང་དང་དེང་དུས་ཀྱི་ཤེས་ཡོན་གཉིས་བདག་པོ་བརྒྱབ་ནས་དར་སྤེལ་བཏང་བ་ཡིན་ན། ངོས་ཀྱི་བསམ་པར་ཁྱེད་རྣམ་པས་སྟོབས་འབྱོར་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་དེར་རོགས་རམ་ཆེན་པོ་བྱེད་ཐུབ། གཞི་རྩའི་ཆ་ནས་རྒྱ་ནག་ཀྱང་འཛམ་གླིང་འདིའི་ཆ་ཤས་ཤིག་དང་། འགྲོ་བ་མིའི་རིགས་ཀྱི་ཆ་ཤས་ཤིག་ཡིན་དུས། མཐའ་དོན་ཁོང་ཚོས་ཀྱང་རིན་ཐང་དེ་དག་ཉམས་ལེན་བྱེད་དགོས་པ་ལས། དེ་མིན་གྱི་ལམ་གཞན་གང་ཡང་མེད། ནང་སེམས་ཀྱི་ཞི་བདེ་དང་ལྟ་གྲུབ་སོགས་གང་ཡང་མེད་པར་འཕྲུལ་ཆས་དང་དངུལ་གཅིག་པུས་སྤྱི་ཚོགས་ཡག་པོ་ཞིག་བསྐྲུན་ཐུབ་ཐབས་མེད། དེར་བརྟེན་ཁྱེད་རྣམས་ལ་སྔོན་ནས་ཡོད་པའི་ནང་སེམས་ཀྱི་རིན་ཐང་ལ་དོ་སྣང་གནང་རོགས་ཞུ་འདོད་བྱུང་། སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་བ་བཅས།།
ཐུགས་སྣང་། བཀའ་སློབ་ངོ་མ་དབྱིན་སྐད་ཐོག་ཡོད་པ་ནས་འདི་ག་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་རྩ་བ་དབྱིན་སྐད་རང་ལ་རྩ་འཛིན་ཡོད་པ་ཞུ།