ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེ་ ༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༥ ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ནང་པ་དང་། ཧིན་དྷུ། ཇེན་བཅས་ཀྱི་རྒྱ་གར་གྱི་ཆོས་ཕྱོགས་དབུ་ཁྲིད་རྣམས་བཞུགས་སྒར་རྡ་ས་དུས་འཁོར་ལྷ་ཁང་དུ་ལྷན་འཛོམས་ཀྱིས་རྒྱལ་སྤྱིའི་འགན་ཁུར་གྱི་སེམས་པ་དང་འཛམ་གླིང་འདི་ཞི་བདེ་དང་འཚེ་བ་མེད་པའི་ལམ་བུར་ཁ་ཕྱོགས་སུ་འགྱུར་སླད་རྒྱ་གར་གྱི་འགན་ཁུར་(promotion of universal responsibility and India’s role in guiding the world towards peace and non-violence)ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་འདུག
དེ་ཡང་ལྷན་ཚོགས་དེའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་ཇ་གཱཌེ་གུ་རུ་ཤན་ཁར་ཨ་ཅ་སྭོ་མི་ཌིཕ་ཡ་ནན་ཌེ་ཊར་ཐ་ཇི་མཆོག (His Holiness Jagadguru Shankaracharya Swami Divyanand Teerthji Maharaj of Bhanpura Peeth) བཀའ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག སྭོ་མི་ཆི་ཌ་ནན་ཌེ་ས་ར་སེ་་ཏི་མཆོག (His Holiness Swami Chidanand Saraswati)ཇན་མུ་ནི་ཨ་ཅ་ཤི་རི་རོབ་ཆན་ལྷ་ར་མཆོག (Jain Muni Acharya Sri Roopchandra ji) སྭོ་མི་པར་མ་ནན་ཌེ་ས་ར་སེ་་ཏི། (Rev. D S Uchida and His Holiness Swami Parmanand Saraswati) ཧི་མ་ལ་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Himalaya Committee Action for Tibet) ཚོགས་གཙོ་བླ་མ་ཆོས་འཕེལ་བཟོད་པ། ཌོག་ཊར་བུ་པན་ལྷ་ར་ཀུ་མར་མོ་ལྷི་མཆོག་(Dr Bhupendra Kumar Modi, chairman, India Splendor)བཅས་མཉམ་བཞུགས་གནང་ཡོད་པ་རེད།
ལྷན་ཚོགས་དེའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཕེབས་དོན། རྒྱ་གར་ལ་གོ་ལ་ཞི་བདེ་དང་འཆམ་མཐུན་ཡོང་བའི་ལས་འགུལ་སྤེལ་ཐུབ་རྒྱུར་ཧ་ལས་དགོས་པའི་ནུས་ཤུགས་ལྡན་པ་རེད། དེང་གི་འཛམ་གླིང་འདིར་ལོ་ངོ་སྟོང་ཕྲག་འདས་པའི་རྒྱ་གར་གྱི་གནའ་རབས་ཀྱི་ཕྱུག་པའི་རིག་གཞུང་འཚེ་མེད་ཞི་བ་དང་ཞི་བདེ་དེ་དག་ནི་དགོས་ངེས་ཤིག་རེད། ཅེས་བཀའ་སྩལ་ཡོད་པ་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་ཕན་ཚུན་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ཐོག་ནས་ཞི་མཐུན་མཉམ་གནས་ཐུབ་པ་དེར་བསྔགས་བརྗོད་ཤུགས་ཆེ་གནང་ཡོད་པ་རེད། ༸གོང་ས་མཆོག་ནས་འཛམ་གླིང་འདིར་དམག་དཔུང་གཙང་སེལ་ཞིག་དགོས་པའི་ཐོག་བཀའ་སློབ་ཕེབས་དོན། ཐོག་མར་ང་ཚོས་འཚེ་མེད་ཞི་བ་དང་སྙིང་རྗེའི་ལམ་ནས་ནང་སེམས་ཀྱི་དམག་དཔུང་གཙང་སེལ་བཟོ་དགོས་ཀྱི་རེད། ཞི་བདེ་ཞེས་པ་དེ་དམག་དཔུང་གི་སྟོབས་ཤུགས་ལ་བརྟེན་ནས་བཟོ་ཐུབ་པ་ཞིག་མ་རེད། སྙིང་རྗེའི་ཀུན་སློང་ལྡན་པ་དང་། གཞན་ཕན་གྱི་སེམས་པ། གཞན་ལ་གུས་བརྩི་བཅས་ནི་འཚེ་མེད་ཞི་བའི་བྱ་སྤྱོད་རེད། ཅེས་དང་། ཁ་འདོན་དང་ཕྱག་དཔེ་ལྟ་ཀློག་བྱས་པ་ཙམ་གྱིས་ཞི་བདེ་དང་འཚེ་མེད་ཞི་བ་སྐྲུན་ཐུབ་ཐབས་མེད། དེ་དག་ཡོང་བར་སེམས་པ་རྣམ་དག་གི་སྒོ་ནས་འགྲོ་བ་མི་སྤྱི་དང་འཛམ་གླིང་འདིའི་ཐོག་གནས་པའི་སྲོག་ཆགས་སྐྱེ་འགྲོ་ཡོངས་རྫོགས་ཀྱི་ཆེད་དམ་བཅས་ཏེ་ཁ་ཡོད་ལག་ཡོད་ཀྱི་གོམ་སྟབས་ཤིག་སྤོས་དགོས་ཀྱི་ཡོད་པ་རེད། ཅེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་ཕེབས་ཡོད་པ་རེད།
ལྷན་ཚོགས་དེའི་ཐོག་ཆོས་ལུགས་རིས་མེད་ཁག་གི་དབུ་ཁྲིད་རྣམ་པས་དེང་གི་འཛམ་གླིང་ནང་འཕྲུལ་ཆས་དང་ཕྱིའི་དངོས་པོ་སོགས་ཡར་རྒྱས་ཧ་ལས་པ་ཕྱིན་ཡོད་མིན་ལ་མ་ལྟོས་པར་དྲག་པོ་དང་རྙོག་འཛིང་སོགས་ཀྱི་འཕེལ་རིམ་ལ་སེམས་འཚབ་ཆེན་པོ་ཡོད་པ་ཐུན་མོང་ནས་རྣམ་འགྱུར་གསལ་སྟོན་གནང་བ་དང་སྦྲགས། འཛམ་གླིང་འདིའིི་ནང་ཞི་བདེ་དང་འཆམ་མཐུན་ཡོང་སླད་ང་ཚོས་བྱམས་བརྩེ་དང་སྙིང་རྗེ་གཞི་རྩར་བཟུང་ཐོག་གཅིག་ལ་གཅིག་མཐུན་གྱི་དུས་རབས་ཤིག་བཟོས་ཏེ་དེར་སེམས་དང་སེམས་ཀྱི་མཛའ་འབྲེལ་ཡོང་ཐུབ་པ་ཞིག་དགོས་ཀྱི་འདུག ཅེས་དང་ཡང་། ཆོས་ཕྱོགས་དབུ་ཁྲིད་རྣམ་པས། ནང་པ་དང་། ཧིན་དྷུ། ཇེན་ལ་སོགས་པའི་ཆོས་ལུགས་ཚང་མས་འཇིགས་སྐུལ་རིང་ལུགས་པར་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས། ཞེས་གསུངས་ཡོད།
ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་སྐུ་གསོན་པོར་བཞུགས་པའི་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་འཁྲུལ་བྲལ་ཞིག་ཡིན་པ་དང་། མགོན་པོ་གང་ཉིད་ནས་མཐའ་ཡས་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དགོས་མཁོ་སྒྲུབ་ཀྱི་ཡོད་སྐོར་གྱི་སྐུའི་མཛད་འཕྲིན་ལ་བསྔགས་བརྗོད་ཕུལ་བ་དང་འབྲེལ་༸གོང་ས་མཆོག་ནས་འཛམ་གླིང་འདི་བཞིན་ཞི་བདེ་དང་འཚེ་མེད་ཞི་བའི་ལམ་བུའི་སྟེང་ཁ་ཕྱོགས་བསྒྱུར་གནང་ཡོང་བའི་སྐྱབས་འཇུག་ཀྱང་ནན་གྱིས་ཞུས་ཡོད།
ཆོས་ལུགས་ཁག་གི་དབུ་ཁྲིད་རྣམ་པས་༸གོང་ས་མཆོག་ནས་རྒྱ་གར་གྱི་མི་སེར་གནང་རྒྱུའི་ཞལ་བཞེས་དབུགས་དབྱུང་སྩལ་རྒྱུའི་རེ་སྐུལ་ཞུས་པར་༸གོང་ས་མཆོག་ནས་བཀའ་ལན་ཕེབས་དོན། རྒྱ་གར་ནི་བོད་དུ་ནང་ཆོས་ཀྱི་འོད་སྣང་སྦྱིན་མཁན་གྱི་རྒྱལ་ཁབ་གཅིག་ཡིན་པ་བརྟེན་ཡུལ་འདིའི་མི་སེར་གནང་རྒྱུ་ནི་མགོན་པོ་གང་ཉིད་ཀྱི་རླབས་ཆེན་དང་གཟི་བརྗིད་ཡིན་པ་མ་ཟད། མགོན་པོ་གང་ཉིད་ནི་རྒྱ་གར་གྱི་བུ་ཚ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་ཡོད།
ལྷན་ཚོགས་དེའི་ཐོག་བཀའ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ། འཚེ་མེད་ཞི་བ་དང་སྙིང་རྗེ་མཚོན་རྟགས་(Symbol of Non-violence and Compassion)ཞེས་པའི་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཀྱང་འབུལ་བཞེས་གནང་ཡོད་པ་རེད།ཐེངས་འདིའི་ལྷན་ཚོགས་དེ་ནི་ཨིན་ཌི་ཡ་སེ་པ་ལན་ཌར་ (India Splendor)ཞེས་པའི་ཚོགས་པས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག་པ་དང་ལྷན་ཚོགས་དེའི་ཐོག་བོད་གཞུང་བཀའ་བློན་རྣམ་པས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་སེར་སྐྱ་ཕོ་མོ་དང་། ཨིན་ཌི་ཡ་སེ་པ་ལན་ཌོར་གྱི་ཚོགས་མི། གསར་འགོད་པ་བཅས་མི་གྲངས་ ༡༠༠༠ ཙམ་བཅར་བཞུགས་གནང་ཡོད་འདུག