ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༣ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཀུན་ཕན་ཐེབས་རྩ་ཁང་དང་ལྡི་ལི་དོན་ཁང་ཐུན་མོང་ནས་གོ་སྒྲིག་ཞུས་ཏེ་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣༡ ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མགོན་པོ་གང་ཉིད་ཀྱི་རྒྱ་གར་གྲོགས་མཆོག་ཁག་གཅིག དེ་བཞིན་དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བཅས་ནས་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་ཐུགས་སྨོན་ཞེས་པའི་མཛད་འཆར་ཞིག་བསྐྱངས་གནང་ཡོད།
དེ་ཡང་དེ་ཉིན་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་སྐུ་མགྲོན་རྣམ་པས་བདག་ཉིད་ཆེན་པོ་གྷན་ལྷི་མཆོག་གི་སྐུ་ཕུང་བཞུགས་ཡུལ་གྣ་དྷི་སི་སྨྲིཏི་(Gandhi Smriti) ནས་གསོལ་འདེབས་སྨོན་ལམ་གྱི་མཛད་འཆར་དབུ་འཛུགས་ཀྱིས་ཨ་ཅརྱ་ཡ་སུ་ཤིལ་མུ་ནི་ཨ་ཤ་རམ་དང་།(Acharya Sushil Muni Ashram) ནི་ཟམ་མུ་དྷིན་ཆི་ལན།(Nizamuddin Chillan) ཇུ་དྷ་ཧ་ཡམ།(Judah Hyam Sunagogue) གུ་རུ་དྷ་ཝ་རཱ་ར་ཁབ་གྷན་ཇི།(Gurudwara Rakab Ganj) ཁ་ཐི་རལ་ཡི་ཤུའི་ལྷ་ཁང་།(The Cathedral Church of the Redemption) རྒྱ་གར་ནང་པའི་ཆོས་ཚོགས་ཀྱི་ལྷ་ཁང་།(Mahabodhi Society) ལ་སེ་མི་ན་ར་ཡན་ཧིན་དྷུའི་ལྷ་ཁང་།(Laxmi Narayan Temple)བཅས་ཧིན་ལྷུ་དང་། ཁ་ཆེ། སིག ཡི་ཤུ། ནང་པ་བཅས་ཀྱི་ལྷ་ཁངཁག་བདུན་ལ་རིམ་པས་ཆིབས་སྒྱུར་བསྐྱངས་ཏེ་ཐུགས་སྨོན་སྐྱབས་འཇུག་བཀའ་དྲིན་ཆེ་བ་སྩལ་གནང་མཛད་ཡོད།
དེ་ནས་ལ་སེ་མི་ན་ར་ཡན་ཧིན་ལྷུའི་ལྷ་ཁང་དུ་ལྷན་རྒྱས་ཉིན་དགུང་གི་ལྗགས་སྨིན་གྲུབ་མཚམས་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཙམ་ཏཱ་ཇ་པ་ལ་སེ་(Taj Palace)ཞེས་པའི་སྐར་ལྔའི་མགྲོན་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་རྣམ་གཉིས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་ཡོད། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལོ་ངོ་ ༥༠ རྒྱ་གར་ནང་གནས་སྡོད་བྱེད་རིང་རྒྱ་གར་གཞུང་ནས་རོགས་སྐྱོར་ཤུགས་ཆེ་གནང་བར་ཐུགས་ཆེ་ཞུས་རྗེས་གསར་འགོད་པའི་དྲི་བ་ཁག་ལ་བཀའ་ལན་གནང་དོན། ལོ་ངོ་ ༥༠ བཙན་བྱོལ་དུ་བསྡད་རིང་མགོན་པོ་གང་ཉིད་ལ་ཉམས་མྱོང་གསར་པ་མང་པོ་ཞིག་ཐོབ་པ་དང་། དམིགས་བསལ་གྱི་ཆོས་ལུགས་རིས་མེད་ལ་གུས་བརྩི་དང་མཐུན་འབྲེལ་སོགས་དོན་དང་ལྡན་པའི་ཕན་རླབས་ཆེན་པོ་བྱུང་གནང་ཡོད་པ། སྤྱིར་རྒྱུ་ནོར་སོགས་ཕྱིའི་དངོས་པོ་གལ་ཆེན་པོ་ཡིན་རུང་སོ་སོའི་ལྟ་གྲུབ་དང་མི་འགལ་བ་བྱ་དགོས་པ་ནི་དེ་བས་གལ་ཆེ་ཡིན་སྐོར། དེ་བཞིན་འདས་པའི་ལོ་ངོ་ ༥༠ ནང་མགོན་པོ་གང་ཉིད་ནས་གནད་དོན་གང་འདྲ་ཞིག་གི་ཐོག་ཐག་གཅོད་གང་འདྲ་གནང་བ་མཐའ་དག་འགྲིགས་པ་ཞིག་ལས་ནོར་འཁྲུལ་ཤོར་མེད། ཅེས་བཀའ་ནན་ཕེབས་ཡོད་པ་རེད། ཡང་གོང་ས་མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཚོ་དྲང་བདེན་ལ་བློ་ཕྱོགས་པ་ལས་བོད་མིར་བློ་ཕྱོགས་པ་ཞིག་ལ་ངོས་འཛིན་ཞུ་གི་མེད། ཅེས་དང་ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་གསར་འགོད་པ་རྣམས་བོད་ནང་ཕེབས་ཏེ་བོད་ནང་གི་དངོས་ཡོད་གནས་སྟངས་གང་འདྲ་ཡོད་མེད་ཞིབ་དཔྱད་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད།
གསར་འགོད་ལྷན་ཚོགས་གྲུབ་མཚམས་ཕྱེད་ཡོལ་ཆུ་ཚོད་ ༤།༣༠ ཙམ་ལ་ལྡི་ལིར་ཡོད་པའི་ཕི་གི་ཚོགས་ཁང་(FICCI Auditorium) དུ་ལོ་ངོ་ ༥༠ བཙན་བྱོལ་དུ་བསྡད་པའི་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་དངོས་གཞིའི་མཛད་སྒོའི་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་མགྲོན་གྱི་གཙོ་བོ་ལོག་ས་བྷའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཤི་རི་ར་བི་རལ། (Shri Rabi Ray Former Speaker of Lok Sabha ) སྐུ་ཞབས་ཤི་རི་མ་ཏི་ཧར་མོན་ཌར་སིང་(Shrimati Harminder Singh, Former Political Officer, Kemeng Frontier Devision) བཅས་ལྷན་རྒྱས་ལ་བོད་གཞུང་ཟློས་གར་ཚོགས་པས་གྲོ་སོ་ཕྱེ་མར་འདེགས་འབུལ་དང་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་དང་བཅས་ཕེབས་བསུ་གཟབ་རྒྱས་ཞུས། གོང་ས་མཆོག་དང་སྐུ་མགྲོན་གཙོ་བོ་རྣམས་ནས་སྣང་གསལ་ཞལ་ཕྱེ་གནང་གྲུབ་མཚམས་རྒྱུད་སྟོད་དགོན་པའི་དགེ་འདུན་པ་ཁག་གཅིག་ནས་ཤིས་བརྗོད་སྨོན་ལམ་གསོལ་འདེབས་གནང་། དེ་ནས་སྐུ་ཞབས་ཌོར་ཊར་ཨན་ཀེ་ཊི་ཁ་(Dr, N K Trikha, National Convener, Core Group for Tibet Cause)ནས་ཕེབས་བསུའི་གསུང་བཤད་གནང་བསྟུན་བཀའ་ཁྲི་མཆོག་ནས་ངོ་སྤྲོད་ཀྱི་གསུང་བཤད་གནང་། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ལ་ཐུགས་རྗེ་ཆེའི་བཀའ་སློབ་སྩལ་བའི་ནང་། ངོས་ཀྱིས་དུས་རྟག་ཏུ་རྒྱ་གར་དང་བོད་ཀྱི་འབྲེལ་བ་དེ་བཞིན་དགེ་རྒན་དགེ་སློབ་འབྲེལ་བ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། དགེ་ཕྲུག་ལ་དཀའ་ངལ་འཕྲད་སྐབས་སུ་དགེ་རྒན་ནས་གང་སྤྱིའི་ཐད་རོགས་སྐྱོར་ཤུགས་ཆེ་གནང་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱི་ལོ་ ༡༩༤༠ དང་ ༥༠ ནང་གི་རྒྱ་གར་གྱི་དབུ་ཁྲིད་དང་རང་བཙན་རྩོད་ལེན་པ་ཚོས་ཐུགས་ཁུར་དང་གདུང་སེམས་མཉམ་སྐྱེ་ཤུགས་ཆེ་གནང་བྱུང་། ད་ལྟའི་གཞོན་སྐྱེས་ཚོ་ནི་ཁོང་རྣམ་པའི་རྗེས་འབྲང་པ་ཞིག་རེད། ལྷག་པར་དུ་དགའ་ཚོར་སྐྱེ་འོས་པ་ཞིག་ལ་དེང་དུས་རྒྱ་གར་གཞོན་སྐྱེ་ཚོས་བོད་དོན་གྱི་ཐོག་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་འདུག དེ་བཞིན་གསར་འགྱུར་བརྒྱུད་ལམ་མང་པོ་ཞིག་ནས་ཀྱང་བོད་དོན་ལ་དོ་སྣང་ཤུགས་ཆེ་གནང་གི་འདུག ཅེས་དང་དེ་ནས་༸གོང་ས་མཆོག་གིས་ ༡༩༥༤ ལོར་རྒྱ་གར་དུ་ཆིབས་སྒྱུར་བསྐྱངས་སྐབས་ནེ་ཧ་རུ་མཆོག་གིས་ལམ་སྟོན་གང་གནང་དང་། དེ་ནས་བོད་དུ་ཕྱིར་ལོག་རྗེས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས། བོད་ས་ཡོངས་རྫོགས་དབང་སྒྱུར་འོག་ཚུད་རྗེས་མགོན་པོ་གང་ཉིད་ཀྱིས་དབུས་བཙན་བྱོལ་བོད་མིེར་རྒྱ་གར་གཞུང་མང་ནས་རྒྱབ་སྐྱོར་གནང་བ་བཅས་ཀྱི་སྐོར་ལ་བཀའ་སློབ་ཟབ་མོ་ཕེབས་ཡོད།
མཐའ་དོན་ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་འཁོར་བཅས་རྒྱ་བོད་ས་མཚམས་འབུམ་སྡེ་ལར་༸ཞབས་སོར་འཁོད་སྐབས་ཕེབས་བསུར་བཅར་མཁན་སྐུ་ཞབས་ཤི་རི་མ་ཧིན་ལྷར་སིང་(Shri Marhinder Sigh)མཆོག་ནས་མཇུག་སྡོམ་གསུང་བཤད་གནང་མཚམས་བོད་གཞུང་ཟློས་གར་ཚོགས་པས་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ། ཞེས་པའི་གླུ་གཞས་གཟིགས་འབུལ་ཞུས་ནས་དེ་ཉིན་གྱི་མཛད་སྒོ་ཁག་ལེགས་པར་གྲུབ།
ཐེངས་འདིའི་མཛད་སྒོའི་ཐོག་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཐེངས་གསུམ་པ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣༠ ནས་ཚེས་ ༣༡ བར་ཉིན་གྲངས་གཉིས་རིང་སྐོང་ཚོགས་གནང་བའི་ཐོག་བཅར་བའི་ཚོགས་མི་རྣམས་ཀྱིས་གཙོས་མི་གྲངས་སྟོང་ཕྲགས་བརྒལ་བ་བཅར་ཡོད་འདུག