ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེ་ ༨ རེས་གཟའ་ལྷག་པ།
༄༅ །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་སྨོན་སྟོབས་དང་ཧི་མ་ལ་ཡའི་མི་རིགས་སྤྱི། དེ་བཞིན་ཞིང་གཤེགས་དམ་པའི་ཕྱི་རྒྱལ་ཡུལ་ཁག་གི་དངོས་སློབ་སྤྱིའི་བསོད་ནམས་ཀྱི་གོ་སྐལ་སླར་ཡང་གསར་ཤུགས་རྒྱས་པའི་དབང་གིས་ཕྱི་ལོ་ ༢༠༠༡ ཕྱི་ཟླ་ ༥ ཚེས་ ༡༤ ཉིན་ཧི་མ་ལ་ཡའི་རི་རྒྱུད་དུ་གཏོགས་པའི་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་ཡབ་ཚེ་རིང་རྒྱལ་མཚན་དང་ཡུམ་སྐལ་བཟང་དབྱངས་སྐྱིད་གཉིས་ཀྱི་རིགས་སྲས་སུ་མཚན་བལྟས་བཟང་པོ་དང་བཅས་སྐུ་འཁྲུངས། ཡང་སྲིད་ཐད་༸གོང་ས་མཆོག་ནས་དམིགས་བསལ་དགོངས་བཞེས་གནང་སྟེ་ ༢༠༠༦ ཕྱི་ཟླ་ ༢ ཚེས་ ༡ ཉིན་དབུ་དགེ་དམ་པའི་ཡང་སྲིད་ངོས་འཛིན་གནང་བའི་བཀའ་ཡིག་སྨིན་སྩལ་བྱུང་བ་ལྟར། བོད་རྒྱལ་ལོ་ ༢༡༣༦ རབ་བྱུང་བཅུ་བདུན་པའི་ས་གླང་བོད་ཟླ་ ༢ ཚེས་ ༡༢ ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༤ ཚེས་ ༦ རེས་གཟའ་ཟླ་བའི་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་དུས་འཁོར་ལྷ་ཁང་དུ་མཚན་ཉིད་མཁན་སྤྲུལ་བསྟན་འཛིན་ཚེ་བརྟན་རིན་པོ་ཆེ་མཆོག་ཁྲི་གསོལ་རྟེན་འབྲེལ་མཛད་སྒོ་ཞིག་གོ་སྒྲིག་ཞུས་ཡོད།
སྔ་དྲོའི་ཆུ་ཚོད་ ༡༡ ཐོག་ཡང་སྲིད་རིན་པོ་ཆེ་མཆོག་གདན་ཞུས་ཐོག་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཇར་དར་རྐྱང་ཕུལ་དང་རྟེན་གཙོ་ཁག་ལ་མཇལ་ཞུ་དང་སྦྲགས་བཞུགས་ཁྲི་རིན་པོ་ཆེར་འཁོད་འཕྲལ་མཚན་ཉིད་དབུ་དགེ་རྒན་དམ་ཆོས་ལགས་ནས་མལ་རྟེན་གསུམ་འདེགས་འབུལ་དང་། དེ་ནས་རིམ་པས་ཕུ་ཁང་ཁང་ཚན་དང་། བོ་དོང་སྐུ་ཚབ་བཅས་ནས་མལ་རྟེན་གསུམ་འདེགས་འབུལ་ཞུས་བསྟུན་འདུས་ཚོགས་ནས་རྟེན་འབྲེལ་བསྟོད་པ་དང་གནས་བཅུ་བཅས་འདོན་སྐུལ་གནང་སྐབས་གསོལ་ཇ་དང་བཞེས་འབྲས་འདེགས་འབུལ་ཞུས། དེ་རྗེས་རིགས་སློབ་རྒན་འཛིན་གཞོན་པ་སྐལ་བཟང་དགྲ་འདུལ་ལགས་ནས་དབུ་དགེ་དམ་པའི་མཛད་རྣམ་མདོར་བསྡུས་སྒྲོག་སབྱངས་གནང་བསྟུན་རིགས་སློབ་སྤྱི་ཁྱབ་རྒན་འཛིན་བགྲེས་གཞོན་རྣམ་གཉིས་ཀྱིས་དབུས་བཙན་བྱོལ་བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམས་དང་དྲུང་ཆེ་ཆུང་། དེ་བཞིན་སེར་སྐྱ་མི་མང་བཅས་ནས་རིམ་པས་མཇལ་དར་རྐྱང་འབུལ་དང་མཇལ་ཞུས་གྲུབ་མཚམས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་བཅས་གྲུབ་རྗེས་ཉིན་དགུང་གི་གསོལ་སྟོན་གཟབ་རྒྱས་ཤིག་འདེགས་འབུལ་ཞུས་ཡོད་པ་བཅས་ཁྲོ་འདོན་གྱི་མཛད་སྒོའི་ཞུ་སྒོ་ཁག་ལེགས་པར་གྲུབ་པའི་གནས་བསྡུས་སུ།།