ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡༨ རེས་སྤེན་པ།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་གཞིགས་ན། ཕྱི་ཟླ་ ༤ ཚེས་ ༡ ཉིན་ཁམས་འཇོ་མདའ་རྫོང་ཁོངས་ལྡན་མ་ཆོས་འཁོར་དགོན་གྱི་མཁན་པོ་དང་དགེ་འདུན་པ་ཁག་གཅིག་སྔ་རྗེས་སུ་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག
གནས་ཚུལ་དེའི་ཡོང་རྐྱེན་གཙོ་བོ་ནི་ད་ལོའི་ཕྱི་ཟླ་དང་པོའི་ནང་ལྡན་མ་ཆོས་འཁོར་དགོན་པའི་དགེ་འདུན་པས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བར་བརྟེན། སྐབས་དེར་དགེ་འདུན་པ་ཁག་གཅིག་འཛིན་བཟུང་བྱས་ཡོད། དེ་མིན་གྱི་དགེ་འདུན་པ་ཁག་གཅིག་ཉེན་གཡོལ་སླད་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་ལྟར། མཁན་པོ་མཆོག་ཀྱང་གནས་སྐབས་ཉེན་གཡོལ་ཆེད་སྐྱེ་རྒུ་མདོ་ཁུལ་བཞུགས་སྐབས་ཆབ་མདོ་ས་ཁུལ་ནས་ཆེད་དུ་སྤྱི་བདེ་ལས་བྱེད་གྲངས་ ༡༥ ཙམ་བཏང་སྟེ་ས་གནས་དེ་ནས་ཕྱི་ཟླ་ ༤ ཚེས་ ༡ ཉིན་འཛིན་བཟུང་བྱས་ཡོད་པ་རེད། དེ་མཚུངས་དེ་ཉིན་ལྡན་མ་ཆོས་འཁོར་དགོན་གྱི་དགེ་བསྐོས་ཟུར་པ་བསོད་ནམས་དགེ་ལེགས་ལགས་དང་། མཚམས་སུ་ཞུགས་མུས་ཡིན་པའི་དགེ་འདུན་ཚེ་བརྟན་བསོད་ནམས་སོགས་ཀྱང་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག