ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེ་ ༡༥ རེས་གཟའ་ལྷག་པ།
༄༅། གྱོད་ཡ་ཞུ་སྦྱོར་བ་ཟླ་བ་རྒྱལ་མཚན་གྱིས་གྱོད་ཡ་རྩོད་ལན་པ་ ༡༽བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྐབས་དེའི་བཀའ་བློན་མཆོག་དང་། དྲུང་ཆེ། དྲུང་འཕར། དྲུང་གཞོན་དང་། གྱོད་ཡ་རྩོད་ལན་པ་ ༢༽སྐབས་དེའི་ཨ་རི་བོད་ཀྱི་ཐེབས་རྩའི་གཙོ་འཛིན་དང་། ངེས་སྟོན་པ་བཅས་ཀྱི་ཁ་གཏད་དུ་གྱོད་ཡའི་མོས་མཐུན་ཆོད་ཡིག་སྣོལ་འཇོག་དང་འབྲེལ་གྱོད་གཞི་སློབ་ཡོན་དྲང་བདེན་མ་བྱུང་ཞེས་པའི་སྐོར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཕྱི་ལོ་ ༢༠༠༡ ཟླ་ ༧ ཚེས་ ༢༥ ཉིན་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༼༧༽ཞུ་གཏུགས་བྱུང་བ་ལྟར།
བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གྱོད་ཡ་ཕྱོགས་གཉིས་ནས་ཕུལ་འབྱོར་བྱུང་བའི་ཞུ་རྩ་དང་། ཞུ་ལན། གནད་དོན་ཁུངས་སྐྱེལ་དཔང་རྟགས་བཅས་ལ་ཉན་ཞིབ་གནང་རྗེས་ཕྱི་ལོ་ ༢༠༠༢ ཟླ་ ༣ ཚེས་ ༢༧ འཁོད་པའི་ཐག་གཅོད་བཅད་ཁྲ་ཤོག་གྲངས་ ༧༣ ཅན་ཞིག་ཁྱབ་བསྒྲགས་གནང་ཡོད་པ་དང་།
འོན་ཀྱང་། གྱོད་ཡ་ཞུ་སྦྱོར་བ་ཟླ་བ་རྒྱལ་མཚན་གྱིས་བཅད་ཁྲའི་འབྲུ་དོན་གཞིར་བཟུང་ཉམས་ལེན་ཚུལ་མཐུན་མ་ཞུས་པ་མ་ཟད། སྐབས་དེའི་ཁྲིམས་ཞིབ་པ་ཆེ་བ་བྱ་དུར་བསོད་ནམས་བཟང་པོ་མཆོག་དང་། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁ་གཏད་དུ་གྱོད་གཞི་མིང་ཤས་བཟོས་པ་ཞེས་པའི་སྐོར་སིམ་ལ་ཧི་མ་ཅལ་མངའ་སྡེའི་མཐོ་རིམ་ཁྲིམས་ཁང་དུ་ཕྱི་ལོ་ ༢༠༠༣ ཟླ་ ༡༠ ཚེས་ ༡༦ ཉིན་ཁ་མཆུ་ཨང་ ༤༨ ཁྲིམས་གཏུག་བྱས་པའི་ཐད། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་དེ་དག་རྩིས་མེད་གཏོང་གནང་ཡོང་བ་ཞེས་ལན་འདེབས་ཞུས་ཏེ་དུས་ཡུན་ལོ་ ༥ ལྷག་ཙམ་སོང་མཐར།
ཧི་མ་ཅལ་མངའ་གཞུང་མཐོ་རིམ་ཁྲིམས་ཁང་ནས་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༨ ཉིན་ཁ་མཆུ་ཐག་གཅོད་ཀྱི་བཅད་ཁྲ་ཁྱབ་བསྒྲགས་གནང་བ་དེའི་སྙིང་དོན་དུ།
བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་གཞིར་བཟུང་ཟླ་བ་རྒྱལ་མཚན་གྱིས་གྱོད་ཡ་རྩོད་ལན་པ་ཨ་རི་བོད་ཀྱི་ཐེབས་རྩའི་གཙོ་འཛིན་དང་། ངེས་སྟོན་པ་བཟུང་གི་ངོ་ཚབ་ལ་གུན་གསབ་ཧིན་སྒོར་ ༡༠༠༠ སློག་སྤྲོད་དགོས་པའི་བཀའ་ཁྱབ་གནང་བ་དེར་རྩིས་མེད་བྱས་ཡོད་པ། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བརྡ་ཐོ་སྔ་རྗེས་རྩིས་ལེན་མ་བྱས་པ་ར་འཕྲོད་བྱུང་བའི་ངོས་འཛིན་གནང་བ། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཟླ་བ་རྒྱལ་མཚན་ལ་བཀའ་ཁྱབ་གནང་བ་དེ་དག་ཁྲིམས་མཐུན་ཡིན་པ་དང་། ཁྲིམས་ཁོངས་ཁྱབ་ཚད་ལྡན་ཡོད་པའི་ངོས་འཛིན་ཐག་གཅོད་གནང་བ། ཟླ་བ་རྒྱལ་མཚན་གྱིས་སྐྱོན་འཛུགས་བྱས་པ་དེ་དག་ཁུངས་སྐྱེལ་མ་ཐུབ་པའི་ངོས་འཛིན་ཐག་གཅོད་གནང་མཐར། ཟླ་བ་རྒྱལ་མཚན་གྱིས་ཞུ་གཏུག་བྱས་པའི་ཁ་མཆུ་དེ་རྩིས་མེད་ཀྱི་ཐག་གཅོད་གནང་སྟེ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁ་མཆུའི་རྒྱལ་ཁ་ཐོབ་པ་བཅས། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡༥ ལ།།