༢༠༠༩ ཕྱི་ཟླ་ ༤ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །བོད་རྒྱལ་ལོ་ ༢༡༣༦ རབ་བྱུང་བཅུ་བདུན་པའི་ས་གླང་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༤ ཚེས་༢༥ ཉིན་པཎ་ཆེན་ཆུང་སྲིད་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྐུའི་འཁྲུངས་སྐར་གྱི་སྔ་དྲོའི་ཆུ་ཚོད་ ༥།༣༠ ཐོག་རྣམ་གྲྭའི་དགེ་འདུན་འདུས་ཚོགས་ནས་རྒྱལ་བ་ཡབ་སྲས་གཉིས་ཀྱི་ཞབས་བརྟན་གསོལ་འདེབས་འདོན་སྐུལ་གནང་བ་དང་། ཚུ་ཚོད་ ༧ ཐོག་བྱང་རིགས་ཧོར་ཚོའི་སྐྱིད་སྡུག་ནས་ལྷ་རྒྱལ་རིར་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ཀྱི་དབུ་འཕང་དགུང་ལ་འདེགས་པའི་བསང་གསོལ་དང་། ལ་མོ་ཚངས་པ་ལྕོག་གི་འདུས་ཚོགས་ནས་དཀར་ཕྱོགས་སྐྱོང་བའི་སྲུང་མ་རྣམས་ལ་འཕྲིན་བཅོལ་རྒྱས་པ་ཕུལ་རྗེས་བསང་གསོལ་དང་འབྲེལ་བའི་མཛད་སྒོ་ཁག་གྲུབ།
གཞུང་འབྲེལ་གྱི་མཛད་སྒོ་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་དུས་འཁོར་ལྷ་ཁང་དུ་ཆུ་ཚོད་ ༩ ཐོག་དབུ་འཛུགས་ཀྱིས་པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལྟེ་གནས་ཁང་གི་ལས་བྱེད་བློ་བཟང་བཀྲིས་ལགས་ནས་བཀྲ་ཤིས་ལྷུན་པོའི་བླ་སྤྱི་དང་། པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་ཞབས་ཞུ་ཁང་གི་ཡོངས་ཁྱབ་གསལ་བསྒྲགས་དོན་ཚན་ལྔ་ཅན་ཞིག་སྤེལ་བའི་ནང་། ༡༽པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་དཔལ་བཟང་པོ་སྐུ་འཚོ་བཞུགས་ཡོད་མིན་གསལ་པོ་བཟོ་དགོས་པ་དང་། ༢༽པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་དཔལ་བཟང་པོ་སྐུ་འཚོ་བཞུགས་ཡིན་ཚེ། གདན་ས་བཀྲ་ཤིས་ལྷུན་པོའི་གསེར་ཁྲིར་མངའ་གསོལ་དང་གོང་མའི་རྣམ་ཐར་བདག་གིར་སྐྱོང་བའི་མཐུན་རྐྱེན་བསྐྲུན་དགོས། ༣༽སྐུ་ཞབས་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས། ༤༽བོད་མི་ཞི་རྒོལ་བ་དམར་གསོད་དང་། མནར་གཅོོད་གཏོང་རྒྱུ་མཚམས་འཇོག་དགོས། ༥༽༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པའི་གཉིས་སྨན་དབུ་མའི་ལམ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་དགོངས་བཞེད། རང་གཞུང་བཀའ་ཤག་བཅས་ཀྱི་རླབས་ཆེའི་དགོངས་བཞེད་གཅིག་ཏུ་བབས་པ་མི་རིགས་ས་གནས་རང་སྐྱོང་གི་གནད་དོན་ཆ་ཚང་བ་ལག་བསྟར་དང་། ང་ཚོས་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་དེའི་ཐོག་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་སྐོར་གྱི་དཀའ་རྙོག་སེལ་དགོས་པའི་རེ་བ་བྱེད་ཀྱི་ཡོད། ཅེས་སོགས་ཀྱི་གསལ་བསྒྲགས་གནང་།
དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གཏམ་བཤད་གནང་དོན། གོང་དུ་བཀྲ་ཤིས་ལྷུན་པོའི་བླ་སྤྱི་དང་། པཎ་ཆེན་ཆུང་སྲིད་ཞབས་ཞུ་ལྟེ་གནས་ཁང་གིས་གསལ་བསྒྲགས་ནང་དགོས་འདུན་བཏོན་པ་བཞིན། ཆུང་སྲིད་རིན་པོ་ཆེ་གློད་བཀྲོལ་དགོས་རྒྱུ་དང། སྐུ་འཚོ་བཞུགས་ཡིན་ན་དེ་བཞིན་གསལ་བསྒྲགས་གནང་དགོས་པ་དང་། སྐུ་འཚོ་བཞུགས་ཡིན་པའི་ཐོག་ནས་གཞིས་རྩེ་བཀྲ་ཤིས་ལྷུན་པོའི་གསེར་ཁྲིར་མངའ་གསོལ་དགོས་པ་དང་། དེ་མཚུངས་དགོས་འདུན་གང་བཏོན་པ་ང་ཚོ་བོད་པའི་ངོས་ནས་འབད་བརྩོན་མུ་མཐུད་གནང་དགོས་པ་གལ་འགངས་ཆེ་སྐོར། རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམ་པ་དང་། ལྷག་པར་དུ་ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གློད་བཀྲོལ་གྱི་ཆེད་དུ་ལས་དོན་སྒྲིག་འཛུགས་ཀྱིས་དབུས་པའི་བོད་དོན་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ངས་དེ་རིང་གི་སྡིངས་ཆ་འདི་བརྒྱུད་ནས་ལས་འགུལ་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་སོགས་ཀྱི་གཏམ་བཤད་གནང་།
དེ་རྗེས་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་གཏམ་བཤད་གནང་དོན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་གནས་སྟངས་གང་འདྲ་ཞིག་གི་འོག་གནས་ཀྱང་ང་ཚོའི་ངོས་ནས་འཁྲུངས་ཚེས་ལོ་ནས་ལོ་བསྟུད་དེ་སྲུང་བརྩི་ཞུས་གནང་བ་རེད། དེ་རིང་གི་འཁྲུངས་སྐར་སྐབས་སྐྱ་སེར་ཕོ་མོ་མང་པོ་ཞིག་ཆེད་ཕེབས་ཀྱིས་ལྷན་འཛོམས་གནང་བར་བོད་གཞུང་བཀའ་ཤག་གི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཆོས་ཕྱོགས་ཀྱི་ངོས་ནས་བརྗོད་ན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ནི་རྒྱལ་བ་འོད་དཔག་མེད་ཀྱི་རྣམ་སྤྲུལ་ཡིན་པ་དང་། དེ་བཞིན་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བ་ཙམ་མ་ཟད། བོད་གངས་ཅན་ལྗོངས་སུ་གཞལ་བར་དཀའ་བའི་བཀའ་དྲིན་བླ་མེད་གནང་མཁན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། པཎ་ཆེན་སྐུ་ཕྲེང་བཅུ་པ་ལྟ་བུར་མཚོན་ན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བློ་སྟོབས་ཆེན་པོས་རྒྱ་གཞུང་ལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་བའི་ནང་གང་བཀོད་ཡོད་པ་སོགས་ཀྱི་སྐོར་ལ་གཏམ་བཤད་རྒྱས་པ་གནང་གྲུབ་རྗེས་བཀྲིས་ཤིས་པའི་མཚོན་རྟགས་སུ་ལོ་ན་ཉི་ཤུ་ཡིན་པའི་སེར་སྐྱ་ཕོ་མོ་གྲངས་ ༡༠༨ ནས་རྒྱལ་བ་ཡབ་སྲས་གཉིས་ཀྱི་ཞབས་བརྟན་གསོལ་འདེབས་ཆུ་ཚོད་གཅིག་རིང་གནང་གྲུབ་མཚམས་པཎ་ཆེན་ཞབས་ཞུ་ལྟེ་གནས་ཁང་གི་ལས་བྱེད་གཙང་ཕྲུག་སྟོབས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་རྗེས་ཆུང་སྲིད་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པའི་མིང་རྟགས་བསྡུ་རུབ་གནང་བ་བཅས་ཀྱི་གནས་བསྡུས་སུ།