ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །བོད་གཞུང་ཤེས་རིག་ལས་ཁུངས་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་གོང་སྤེལ་ཡོང་སླད་རྒྱུན་སྤྱོད་བྱེད་བཞིན་པའི་དེང་དུས་ཀྱི་རིག་ཚན་དུ་མའི་ཐ་སྙད་གཅིག་གྱུར་གཏན་འབེབས་དགོས་ངེས་ཆེ་བར་བརྟེན། བཙན་བྱོལ་བོད་གཞུང་བཀའ་ཤག་གི་གཙོ་སྐྱོང་འོག་བོད་ཀྱི་དཔེ་མཛོད་ཁང་དང་། བོད་གཞུང་ཟློས་གར། བོད་གཞུང་སྨན་རྩིས་ཁང་། རྡ་ས་བོད་ཕྲུག་ཁྱིམ་སྡེ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། རིགས་ལམ་སློབ་གཉེར་ཁང་། སྲོང་བཙན་དཔེ་མཛོད་ཁང་། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་། ཕྱི་དྲིལ་ཤེས་བྱ་དང་བོད་མིའི་རང་དབང་གསར་ཤོག བོད་ཀྱི་རྩོམ་པ་པོ་མཐུན་ཚོགས། བོད་ཀྱི་དུས་བབ་གསར་ཁང་། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་བཅས་ཀྱི་འགན་བཞེས་རྣམས་དང་། དམིགས་བསལ་གདན་ཞུས་མཁས་དབང་(Prof. Ramesh Chandra Tiwarii, Prof. Krishna Nath., Prof . Suniti Kumar Pathak , Shri Jeet Sen Negi)དང་། སྣར་སྐྱིད་ངག་དབང་དོན་གྲུབ། རྔ་པ་ཆོས་གྲགས་བཅས་ལྷན་འཛོམས་ཐོག་ལས་འཆར་གྱི་སྒྲོམ་གཞིའི་བཀོད་སྒྲིག ཐ་སྙད་གཏན་འབེབས་ཀྱི་བརྒྱུད་ལམ་དང་ཁྱབ་སྤེལ་བྱ་ཐབས། ཐ་སྙད་གསར་བཟོ་དང་བདམས་སེལ་གྱི་རྩ་འཛིན་ལམ་སྟོན། མུ་མཐུད་ཁ་སྐོང་བྱ་ཐབས་བཅས་ཀྱི་སྐོར་ལ་ ༢༠༠༤ ལོར་ཉིན་གྲངས་གཉིས་རིང་བཀའ་བསྡུར་གནང་འབྲས་ཁག་ཤེས་རིག་ལས་ཁུངས་ནས་དཔལ་ལྡན་བཀའ་ཤག་ཏུ་སྙན་ཕུལ་ཞུས་པ་ལྟར། ༢༠༠༥ ལོ་སྟོད་ནས་ལག་བསྟར་བྱ་འཐུས་ཆོག་པའི་ཆོག་མཆན་བྱུང་མ་ཐག་མཉམ་ཞུགས་སྡེ་ཚན་ཁག་གི་ལས་བྱེད་གྲངས་ ༡༥ ཟབ་སྦྱོང་དང་འབྲེལ་མཐུན་རྐྱེན་མཁོ་སྒྲུབ། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་ལས་བྱེད་བཅས་ཐབས་འཚོལ་གནང་སྟེ་མཉམ་ཞུགས་སྡེ་ཁག་སོ་སོར་རིག་ཚན་བགོས་འགྲེམས་དང་། ལག་བསྟར་ལམ་སྟོན། འགྲོ་གྲོན་མཐུན་འགྱུར་སོགས་རྨང་གཞི་ཁག་བཀོད་སྒྲིག་ཟིན་རྗེས་ལས་འགོ་བཙུགས་པ་ནས་བཟུང་ད་ལྟའི་བར་འཛིན་སྐྱོང་དང་། དངོས་ཁམས། རྫས་སྦྱོར། གསོ་བ་རིག་པ། སྐར་རྩིས། སྐྱེ་དངོས། རྩི་ཤིང་། ས་དཔྱད་རིག་པ། སེམས་ཀྱི་ཚན་རིག ཟློས་གར་དང་རོལ་མོ། ཆ་འཕྲིན་ལས་རིགས་དང་ལས་རྩལ་སོགས་ཀྱི་བརྡ་ཆད་གྲངས་ ༧༠༠༠ ཙམ་ཟིན་བྲིས་ཁོངས་ནས་བརྒྱུད་རིམ་ངེས་ཅན་ཞིག་བརྒྱུད་རྐྱེན། ད་རེས་མཐའ་མའི་གཏན་འབེབས་གནང་བའི་དུམ་བུར་སྡེ་ཚན་ ༦ ཡོད་པའི་ནང་འཛིན་སྐྱོང་དང་། དངོས་ཁམས། རྫས་སབྱོར། གསོ་རིག སྐར་རྩིས། རྩི་ཤིང་བཅས་ཀྱི་ཤེས་བྱའི་ཁོངས་སུ་གཏོགས་པའི་ཐ་སྙད་གྲངས་ ༡༥༠༠ ཡོད་འདུག་པ་དང་། འཛིན་སྐྱོང་ཚན་པའི་ཁོངས་སུ་ཆབ་སྲིད་དང་། རྩིས། ཁྲིམས། ཚོང་ལས་སོགས་ཀྱི་ཐ་སྙད་བེད་སྤྱོད་ཆེ་བ་ཁག་འདུས་ཡོད་འདུག་པ་དང་། བརྡ་ཆད་གཏན་འབེས་སྤྱི་ཁྱབ་རྩོམ་སྒྲིག་པ་ཀརྨ་སྨོན་ལམ་ལགས་ནས་བོད་ཀྱི་སྐད་ཡིག་སྨྲ་བ་རྣམས་ནས་གཏན་འབེབས་ཟིན་པའི་ཐ་སྙད་རྣམས་སྐབས་མ་འཆོལ་བར་གཅིག་གྱུར་བེད་སྤྱོད་ཀྱི་ལམ་ནས་བོད་ཀྱི་སྐད་ཡིག་གི་ངོ་བོ་སོར་གནས་དང་ཡར་རྒྱས་ལ་མཉམ་རུབ་རམ་འདེགས་ཡོང་བའི་རེ་སྐུལ་གནང་གི་འདུག
དེ་བཞིན་ད་རེས་ཀྱི་ཐ་སྙད་གཏན་འབེབས་ལས་འཆར་ཁོངས་དངོས་སུ་མཉམ་ཞུགས་གནང་མཁན་དབུས་སྨན་རྩིས་ཁང་དང་། བོད་ཀྱི་དཔེ་མཛོད་ཁང་། བོད་གཞུང་ཤེས་རིག་ལས་ཁུངས་བཅས་དང་། བརྡ་ཆད་གཏན་འབེབས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཀརྨ་སྨོན་ལམ་ལགས་དང་། རྩོམ་སྒྲིག་ལས་རོགས་ཨུ་རྒྱན་བསྟན་འཛིན་ལགས་དང་བསོད་ནམས་ཚེ་རིང་ལགས་བཅས་ཡིན་འདུག