༢༠༠༩ ཕྱི་ཟླ་ ༤ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །འདི་གར་འབྲེལ་ཡོད་ཀྱི་གནས་ཚུལ་འབྱོར་གསལ། ཌལ་ཧོར་ས་གནས་འགོ་འཛིན་ལས་ཁང་གི་གོ་སྒྲིག་འོག ༢༠༠༩ ཕྱི་ཟླ་ ༣ ཚེས་ ༣༡ ཉིན་བོད་གཞུང་གཏན་སློབ་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་
ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་སོགས་(G.P.O)ཁྲོམ་གཞུང་དུ་ཌལ་ཧོར་ས་གནས་འགོ་འཛིན་ལས་ཁང་གིས་མཛད་སྒོ་གོ་སྒྲིག་ཞུས་ཐོག་ས་གནས་འགོ་འཛིན་གྱི་ལམ་སྟོན་གཞིར་བཟུང་ལམ་ཆེན་གསུམ་མདོ་ཁག་ཏུ་འཕྲེད་དར་སྒྲེང་འཛུགས་དང་སྦྲགས་
དངོས་གཞིའི་མཛད་སྒོའི་ཐོག་མར་ཌལ་ཧོར་ས་གནས་འགོ་འཛིན་ཚེ་བརྟན་འཇིག་མེད་ལགས་ནས་རྒྱ་གར་གྱི་སྐྱེས་ཆེན་དམ་པ་སེམས་དཔའ་ཆེན་པོ་གྷན་རྡི་སོགས་ཀྱི་སྐུ་བརྙན་ལ་བཀའ་དྲིན་རྗེས་དྲན་སླད་མེ་
ཏོག་གི་ཕྲེང་བ་དང་། རང་མི་རིགས་ཀྱི་གོམས་སྲོལ་ལྟར་དཀར་གཙང་གི་མཇལ་དར་ཡང་སྒྲོན་འབུལ་ཞུས་ཡོད་པ་རེད།
དེ་རྗེས་མཛད་སྒོར་བཅར་བའི་མི་མང་རྣམས་སྐུ་བཞེངས་ཐོག་ཌལ་ཧོར་གཏན་སློབ་ནས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་བ་དང་ས་གནས་རྒྱ་གར་ཡིག་ཟམ་འགན་འཛིན་ནས་༸གོང་ས་མཆོག་དང་། གྷན་དྷི་རྣམ་གཉིས་ཀྱི་སྐུ་བརྙན་གྱི་སྤྱན་སྔར་སྣང་གསལ་སྒྲོན་མེ་ཞལ་ཕྱེ་གནང་གྲུབ་རྗེས་ཌལ་ཧོར་གཏན་སློབ་ཀྱི་ཧིན་དགེ་ཨ་ནུབ་ཀུ་མར་ཤར་མས་(Anoop Kumar Sharma) འཕགས་བོད་གཉིས་ཀྱི་རྒྱལ་རབས་ལོ་རྒྱུས་དང་། ཆོས་འབྱུང་། ས་ཆའི་ཆགས་དབྱིབས་སོགས་དང་འབྲེལ་ཏེ་འཕགས་བོད་གཉིས་ཀྱི་འབྲེལ་ལམ་གོང་མཐོར་སྤེལ་དགོས་པའི་གཏམ་བཤད་གནང་གྲུབ་རྗེས་༸གོང་ས་མཆོག་ནས་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་དབྱིན་སྐད་ཐོག་ལ་སྩལ་བ་དེ་ཌལ་ཧོར་ས་གནས་འགོ་འཛིན་གྱིས་སྒྲོག་སྦྱང་གནང་བ་དང་། ཧིན་ཡིག་ཐོག་ཕབ་སྒྱུར་ཞུས་པའི་གསུང་འཕྲིན་ས་གཞིས་ལས་དྲུང་ནས་་སྒྲོག་སྦྱང་གནང་བསྟུན་ཌལ་ཧོར་གཏན་སློབ་ཀྱི་སློབ་སྤྱི་ནས་རྒྱ་གར་གཞུང་མང་གཉིས་བོད་པར་བཀའ་དྲིན་ཆེན་པོ་ཡིན་སྐོར་སོགས་འགྲེལ་བརྗོད་རྒྱས་པ་གནང་།
སྔ་དྲོ་ཆུ་ཚོད་ ༡༡།༣༠ ས་གནས་འགོ་འཛིན་དང་། བཟོ་འགོ་ལས་རོགས། དྲུང་ཡིག་བཅས་ནས་ས་གནས་ཀྱི་འབྲེལ་ཡོད་རྒྱ་གར་ལས་ཁུངས་གྲངས་ ༥༠ ཙམ་གྱི་དཔོན་རིགས་དང་ཐུག་འཕྲད་ཞུས་ཏེ་དུས་དྲན་ངོ་སྤྲོད་དང་སྦྲགས་མངར་བཟས་འདེགས་འབུལ་དང་མཇལ་དར་སྒྲོན་འབུལ་གནང་། ཕྱེད་ཡོལ་ཆུ་ཚོད་ ༤ ཙམ་ནས་ཁུལ་དེར་གནས་པའི་ཡུལ་མི་ཡོད་དོ་ཅོག་ལ་ཐུགས་རྗེ་ཆེ་ཞུའི་མཚོན་རྟགས་སུ་མངར་བཟས་བགོས་འགྲེམས་དང་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད། ཕྱི་དྲོ་བཟོ་གྲྭའི་ཚོགས་ཁང་དུ་རྒྱ་གར་ས་གནས་དཔོན་རིགས་ ༥༠ བརྒལ་བར་བཞེས་ཏོག་འདེགས་འབུལ་ཞུས་པ་དང་། སྐུ་མགྲོན་གཙོ་བོ་མཆོག་ནས་(SDM Shubh Karan SinghS) འཕགས་བོད་གཉིས་ཀྱི་འབྲེལ་བ་ནི་ལོ་ ༥༠ གོང་གི་འབྲེལ་བ་ཙམ་མིན་པར་ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་འབྲེལ་བ་ཡོད་སྐོར་སོགས་མཁྱེན་རྟོགས་དགོས་ཚུལ་དང་། འཕགས་བོད་གཉིས་ཀྱི་འབྲེལ་ལམ་བཟང་པོ་ཡོད་པ་འདི་ད་དུང་མུ་མཐུད་གོང་མཐོར་གཏོང་དགོས་པ་སོགས་ཀྱི་གཏམ་བཤད་གྲུབ་རྗེས་ས་གནས་འགོ་འཛིན་ནས་སྐུ་མགྲོན་རྣམ་པར་མཇར་དར་སྒྲོན་ཏེ་བོད་གཞུང་མང་བཙན་བྱོལ་དུ་གྱར་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་དང་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་རྒྱལ་ཁའི་ངང་ལེགས་པར་གྲུབ་པའི་གནས་བསྡུས་སུ།།