ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་ལྟར་ན། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡༥ ཉིན་ཁམས་ཉག་རོང་རྫོང་(རི་ནང་རྫོང་ཡང་ཟེར་གྱི་ཡོད་ཚོད་འདུག) ཐང་སྐྱ་ཆུས་(ཐང་སྐྱིད་)ཐང་སྐྱ་སྡེ་པ་སོགས་ཀྱི་ཡུལ་མི་རྣམས་ནས་ས་གནས་སུ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་འདུག་པ་ལྟར། སྐབས་དེར་ས་གནས་དེར་ཉེ་སྔོན་ནས་འབྱོར་ཟིན་པའི་རྒྱ་གཞུང་གི་དམག་མིའི་རླངས་འཁོར་ ༡༣ ཙམ་དང་ཁུལ་དེའི་སྤྱི་བདེ་དམག་མི་སོགས་ནས་མི་མང་ཐོག་དམ་བསྒྲགས་བྱེད་སྐབས་མེ་མདའ་གང་བྱུང་བརྒྱབ་ནས་མི་ཁ་ཤས་ཤིག་ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། ངོ་རྒོལ་བྱ་མཁན་གྱི་ཁྲོད་ནས་བུད་མེད་གཅིག་དང་སྐྱེས་པ་བརྒྱད་བཅས་མི་གྲངས་དགུ་འཛིན་བཟུང་བྱས་ཡོད་པ་ནིེ། མགོན་པོ་ཚེ་དབང་དང་། ཡིད་དགའ། ཨ་ལོ། གྲགས་བེ། ཟླ་བ་གྲགས་པ། རྒྱ་ཤེས། སྐྱ་ཀ། དགོན་བེ་(སྐབས་དེར་རྐང་པར་མེ་མདའ་ཕོག་པའི་གྲས།) ཨ་དགའ་(བུད་མེད་)བཅས་ཡིན་འདུག
གནས་ཚུལ་དེའི་འབྱུང་རྐྱེན་གཙོ་བོ་ནི་ཉེ་སྔོན་ཕྱི་ཟླ་ ༣ ཚེས་ཤར་དུ་བོད་མི་གསུམ་འཛིན་བཟུང་བྱས་པར་ཁྲིམས་ཆད་ནན་པོ་གཅོད་འཆར་ཡོད་པར་ངོ་རྒོལ་མཚོན་སླད་དང་། སྔ་ལོའི་ཞི་རྒོལ་དང་འབྲེལ་བའི་མྱ་ངན་ངོ་རྒོལ་མཚོན་ཆེད་ཉག་རོང་ཁུལ་དུ་ས་ཞིང་འདེབས་ལས་མི་བྱེད་པའི་ལས་འགུལ་རྒྱུན་མཐུད་ནས་ཡོང་གི་ཡོད་སྟབས་རྒྱ་གཞུང་ནས་དམག་མི་བཏང་སྟེ་བཙན་བཀའ་གཏོང་བཞིན་པར་མི་མང་ནས་མི་འདོད་པའི་ངོ་རྒོལ་ཆེད་ཞི་བའི་སྐད་འབོད་བྱས་པ་ཞིག་ཡིན་འདུག