ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །བོད་རྒྱལ་ལོ་ ༢༡༣༦ རབ་བྱུང་བཅུ་བདུན་པའི་ས་གླང་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༢༣ ཉིན་བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༤༨ འཁོར་བའི་དུས་ཆེན་སྲུང་བརྩིའི་སྐབས་མགྲོན་གྱི་གཙོ་བོ་འཕྲོད་བསྟེན་དྲུང་ཚབ་ཤཱོ་ཟུར་བསོད་ནམས་ཆོས་འཕེལ་ལགས་གདན་ཞུས་གནང་ཡོད་འདུག
མཛད་སྒོའི་ཐོག་མར་སྨན་རྩིས་ཁང་གི་དྲུང་ཆེས་མཛད་རིམ་ཁག་ངོ་སྤྲོད་གནང་བ་དང་སྦྲགས་སྨན་རྩིས་ཁང་གི་འགན་འཛིན་ནས་སྨན་རྩིས་ཁང་གི་ལོ་རྒྱུས་དང་འབྲེལ་སྨན་རྩིས་ཁང་གི་ཚོགས་པ་ཁག་གི་ངོ་སྤྲོད་གནང་རྗེས་སྐུ་མགྲོན་གཙོ་བོས་སྨན་རྩིས་ཁང་གི་སྨན་རམས་པ་ཟླ་བ་ལགས་ནས་རྩོམ་སྒྲིག་གནང་བའི་༼བོད་ཀྱི་གསོ་རིག་སྨན་རིས་གསལ་བའི་མེ་ལོང་༽དང་། སྐར་རྩིས་ཉམས་གསོག་ཟེའུ་དབང་འཕྲིན་ལས་ལགས་ཀྱིས་རྩོམ་སྒྲིག་གནང་བའི་༼འབྱུང་རྩིས་ཚིག་འགྲེལ་གཙུག་ལག་ཀུན་གསལ་སྒྲོན་མེ།༽ སྐབས་བཅོ་ལྔ་པའི་སྨན་སློབ་རྣམས་ཀྱིས་རྩོམ་སྒྲིག་བྱས་པའི༼་གསོ་རིག་སྐྱེད་ཚལ་༽ཞེས་པའི་ཚགས་ཤོག་བཅས་དབུ་འབྱེད་གནང་བ་དང་། ཞབས་ལོ་ ༢༠ འཁོར་བའི་ལས་བྱེད་རྣམས་ལ་ལེགས་སྐྱེས་དང་ལག་འཁྱེར་གནང་རྗེས་སྨན་རམས་པ་འབྲིང་བར་གནས་སྤར་ཡིག་རྒྱུགས་། རྩིས་རམས་པ་འབྲིང་བར་གནས་སྤར་ཡིག་རྒྱུགས། སྨན་རམས་པ་ཆུང་བར་གནས་སྤར་ཡིག་རྒྱུགས་བཅས་ཀྱི་ལམ་ནས་ཨང་རིམ་གཞིར་བཟུང་ལག་འཁྱེར་གནང་།
སྐབས་བཅུ་བཞི་པའི་སྨན་སློབ་དང་སྐབས་བདུན་པའི་རྩིས་སློབ་རྣམས་ཀྱི་ཐོན་རྒྱུགས་ཆེན་མོའི་ཡིག་རྒྱུགས་གྲུབ་འབྲས་གཞིར་བཟུང་ཨང་རིམ་དང་པོ་དང་། གཉིས་པ། གསུམ་པ་བཅས་ལ་བྱ་དགའ་དང་ལག་འཁྱེར་གནང་། སྨན་སློབ་སྐབས་བཅོ་ལྔ་དང་བཅུ་དྲུག རྩིས་སློབ་སྐབས་བརྒྱད་པ་བཅས་ལ་ཡིག་རྒྱུགས་འགྲུབ་འབྲས་གཞིར་བཟུང་ཨང་རིམ་དང་པོ་དང་། གཉིས་པ། གསུམ་པ་ཞེས་གཟེངས་བསྟོད་བྱ་དགའ་གནང་བ་དང་སྦྲགས་སྨན་རྩིས་སློབ་མ་ཡོངས་ཀྱི་བརྒྱ་ཆ་མཐོ་ཤོས་མགོན་པོ་ཚེ་རིང་ལགས་སུ་བྱ་དགའ་གནང་། སྨན་རྩིས་མཐོ་སློབ་ཀྱི་ལོ་གཅིག་གི་སྤྱི་ཡོངས་རྒན་བདག་བུ་དང་བུ་མོར་ལེགས་གསོལ་གནང་གྲུབ་རྗེས་གསུང་བཤད་ཀྱང་གནང་བ་བཅས་ཀྱི་གནས་བསྡུས་སུ།།