ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༡༤ རེསགཟའ་སྤེན་པ།
འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཟླ་ ༢ ཚེས་ ༢༧ ཉིན་རང་ལུས་མེ་སྤར་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་མཁན་རྔ་པ་ཀིརྟི་དགོན་གྱི་གྲྭ་བཀྲ་བྷེའི་(བཀྲ་པེས་)རང་ལུས་མེ་སྤར་ཏེ་ངོ་རྒོལ་བྱུང་བའི་ཐད་རྒྱ་ནག་གཞུང་འབྲེལ་གསར་འགྱུར་ཐོག་མགོ་དང་མཇིང་པ་མེས་ཚིགས་པ་ལས་སྲོག་ཉེན་མེད་སྐོར་འགྲེལ་བརྗོད་བྱས་ཡོད་པ་དང་། ཕྱི་ཟླ་ ༣ ཚེས་ ༥ ཉིན་བཀྲ་བྷེ་ལ་མེ་མདའ་བརྒྱབ་པའི་གནས་ཚུལ་སྐོར་ཀིརྟི་དགོན་པའི་གྲྭ་འཇང་སྐོར་ཟེར་བ་ཞིག་གིས་རྫུན་བཟོ་བྱས་སྐོར་གཞུང་འབྲེལ་གསར་འགྱུར་ཐོག་བཀོད་དེ་རྒྱ་གཞུང་གི་སྤྱི་བདེ་མི་སྣས་མེ་མདའ་བརྒྱབ་པའི་གནས་ཚུལ་འགེབས་ཐབས་བྱེད་བཞིན་པ་མ་ཟད། ད་ལྟའི་ཆར་བཀྲ་བྷེ་ཁྲེན་ཏུའི་ས་ཁུལ་གྱི་སྨན་ཁང་ཞིག་ནང་སྨན་བཅོས་བྱེད་བཞིན་ཡོད་ཀྱང་། རྒྱ་གཞུང་ནས་རྐང་ལག་མ་བཅད་ཚེ་སྲོག་ལ་ཉེན་ཁ་ཡོད་སྐོར་བཤད་དེ་དོན་དངོས་ཐོག་གྲྭ་བཀྲ་བྷེ་ལགས་སུ་ཉེན་རྟོག་པས་གང་བྱུང་མེ་མདའ་བརྒྱབ་པའི་དཔང་རྟགས་མེད་པ་བཟོ་རྒྱུའི་འཆར་གཞི་ཡོད་པ་དང་། གལ་སྲིད་རྐང་ལག་གཅོད་འབྲེག་བྱ་རྒྱུ་ཁས་ལེན་མ་བྱས་ཚེ་ལྐོག་གསོད་གཏོང་སྲིད་པའི་ཉེན་ཁའི་གནས་སྟངས་འོག་གནས་མུས་དང་། གཙོ་བོ་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་མེ་མདའ་བརྒྱབ་པའི་དཔང་རྟགས་མེད་པ་བཟོ་རྒྱུའི་འཆར་གཞི་འདིང་གི་ཡོད་པའི་གནས་ཚུལ་གསལ་པོ་ཆགས་ཡོད་འདུག