ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༧ ཉིན་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ་རྒྱུད་སྟོད་དགོན་པའི་དགེ་འདུན་པ་ཁག་གཅིག་ནས་རྗེ་ཙོང་ཁ་པ་ཆེན་པོའི་ལམ་རིམ་སྨོན་ལམ་གསུང་མུས་ཐོག་དེ་ཉིན་གྱི་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཀ་པི་ལ་ཝ་ཐ་ས་ཡན་ (Kapila Vathsayan) མཆོག་ནས་སྟོན་པའི་སྐུ་བརྙན་མདུན་སྣང་གསལ་ཞལ་ཕྱེ་གིས་མཛད་སྒོ་དབུ་འབྱེད་གནང་རྗེས་སྐུ་མགྲོན་གཙོ་བོ་མཆོག་དང་། མཁས་དབང་སྐུ་ཞབས་རམ་ཤན་ཀར་པན་ཌིཏ་ (Ram Shankar Pandit) མཆོག་གི་དབུས་སྐུ་མགྲོན་རྣམས་ནས་འགྲེམས་སྟོན་ལ་གཟིགས་སྐོར་གནང་།
ཐེངས་འདིའི་འགྲེམས་སྟོན་ཐོག་བོད་གཞུང་སྨན་རྩིས་ཁང་ནས་བོད་ཀྱི་གསོ་བ་རིག་པ་དང་། རྩིས་རིག་པ་སོགས་ཕྱི་ལོ་ ༡༩༦༡ ལོ་ནས་ད་བར་ཡར་རྒྱས་གང་དང་གང་ཕྱིན་ཡོད་སྐོར་དང་། བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་ལས་བཟོས་པའི་བྱུག་རྫས་རིགས་བཅས་འགྲེམས་སྟོན་གནང་ཡོད། ཝར་ཎ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་བོད་ཀྱི་བཀའ་བསྟན་དང་། རྒྱ་གར་དུ་རྩ་བརླག་ཏུ་ཕྱིན་ཡང་བོད་སྐད་དུ་གནས་པའི་བསྟན་བཅོས་དེ་དག་སྐད་ཡིག་གཞན་ལ་ཕབ་སྒྱུར་ཞུས་པ་དང་། བོད་སྐད་དུ་ཡོད་པ་གང་ཞིག་སྐད་ཡིག་གཞན་ནང་མེད་པའི་བསྟན་བཅོས་ཁག་གཅིག་ལེགས་སྦྱར་སྐད་དུ་ཕབ་སྒྱུར་ཞུས་ཏེ་དེབ་ཀྱི་གཟུགས་སུ་བཀོད་ནས་འགྲེམས་སྤེལ་གནང་། རྒྱུད་སྟོད་དགོན་པ་ནས་འཇིགས་བྱེད་ལྷྟ་བཅུ་གསུམ་གྱི་དཀྱིལ་འཁོར་དང་། བཅོ་ལྔ་མཆོད་པ་འགྲེམས་སྟོན་ཞུས། ཤེས་རིག་དཔར་ཁང་དང་དཔལ་འབྱོར་དཔེ་སྐྲུན་ཁང་ཐུན་མོང་ནས་འབུམ་པོད་ ༡༦ དང་རྗེ་རིན་པོ་ཆེ་དང་རྗེ་བཙུན་མི་ལ་སོགས་སྐྱེ་ཆེན་དམ་པ་རྣམ་གྱི་རྣམ་ཐར་ཆ་ཚང་། བོད་པའི་སློབ་གྲྭ་ཁག་གི་སློབ་དེབ་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་ཀྱི་དཔེ་དེབ་འགྲེམས་སྤེལ་གནང་།
ཕྱེད་ཡོལ་ཆུ་ཚོད་ ༤།༣༠ ཐོག་རྒྱ་གར་གཞུང་གི་པལྨ་ཤྲི་ (Padma Shri Award) ཞེས་པའི་གཟེངས་རྟགས་བཞེས་མྱོང་མཁན་ཝར་ཎ་བོད་ཀྱི་མཐོ་སློབ་ཁང་གི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་ལགས་ནས་རྒྱ་གར་ནས་བོད་དུ་ནང་ཆོས་ཇི་དར་དང་། བདག་གཅེས། མི་ཉམས་རྒྱུན་འཛིན་བྱེད་ཕྱོགས་སྐོར་ལ་(Tibet: Recipient, Preserver and Restorer of Indian Wisdom)གསུང་བཤད་གནང་།
ཕྱི་དྲོའི་ཆུ་ཚོད་ ༧།༠༠ ཐོག་བོད་གཞུང་ཟློས་གར་ཚོགས་པ་ནས་སྦེལ་ཇཡམ་གྱི་གཞུང་ཚབ་པས་དབུས་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་། ཐེ་ཝན། ཨ་ཕ་རི་ཀ། ཇར་མན་ལ་སོགས་པའི་གཞུང་ཚབ་ཁག་གི་སྐུ་ཚབ་རྣམ་པ་དེ་མིན་གྱི་སྐུ་མགྲོན་རྣམས་ལ་འཛམ་གླིང་ཡང་རྩེའི་ཞབས་བྲོ་ (Dance from the Roof of the World) ཞེས་པའི་བོད་ཀྱི་གཞས་སྣ་ཁག་གཟིགས་འབུལ་ཞུས་ཡོད།། ཟླ་ ༣ ཚེས་ ༢༨ ཉིན་སྔ་དྲོའི་ཆུ་ཚོད་ ༡༠།༠༠ ནས་ཆུ་ཚོད་ ༡།༠༠ བར་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་གི་ཚོགས་ཁང་དུ་བཙན་བྱོལ་ནང་གི་མི་ཚེ་ཞེས་པ་དང་། (A life in Exile) གངས་སེང་བོད་ཀྱི་ངུ་འབོད། (Tibet Cry of Snow Line) ངའི་ཕ་ཡུལ་ནང་ཆ་རྒྱུས་མེད་པའི་མི་ཞིག (A Stranger In My Native Land) ཅེེས་པའི་བོད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཁག་རིམ་པས་བསྟན་ཡོད།
ཕྱེད་ཡོལ་ཆུ་ཚོད་ ༥།༠༠ ཐོག་ཚོགས་ཁང་དེར་ས་ཝ་ར་ཇ་པི་ཐ་ཞེས་པའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ར་ཇིཕ་ཝོ་ཧ་ར་མཆོག་དང་།(Mr. Rajiv Vohra, Chairman, Swaraj Peeth Trust)རྒྱ་གར་སྲིད་བྱུས་ཉམས་ཞིབ་བསྟི་གནས་ཁང་གི་མཁས་དབང་སྐུ་ཞབས་བར་མ་ཅི་ལ་ནི།(Dr. Brahma Chellaney, Proffesor of Strategic Studies, Centre for Policy Research,New Delhi)རྒྱ་གར་མཐུན་གྲོགས་ཚོགས་པའི་བློན་ཆེན་ཟུར་པ་དང་རྒྱ་གར་གྱི་དུས་བབ་ཅེས་པའི་གསར་ཤོག་རྩོམ་སྒྲིག་པ་སྐུ་ཞབས་ཨ་རུན་ཤོའུ་རི།(Arun Shourie, Former Union Minister and Editor of The Indian Express)རྒྱ་གར་གྱི་ཁྲིམས་དོན་སྤྱི་ཁྱབ་སྐུ་ཞབས་སོ་ལི་སོ་རབ་ཇིའི་ (Mr.Soli Sorabjee, former Solicitor General and Attorney General of India)བཅས་ནས་བོད་དང་བོད་མིའི་འཐབ་རྩོད་ (Tibet and the Tibetan People’s Struggle) ཅེས་པའི་བརྗོད་གཞིའི་ཐོག་བཞུགས་མོལ་བཀའ་བསྡུར་ (Panel Discussion) གནང་། དེ་གྲུབ་མཚམས་ལྡི་ལི་དོན་གཅོད་དང་བཀའ་བློན་གཅིག་ལྕོགས་བསྟན་པ་ཚེ་རིང་མཆོག་ནས་བཀའ་བསྡུར་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་བསྒྲོན།
དེ་ནས་དགོང་དྲོའི་ཆུ་ཚོད་ ༧།༠༠ ཐོག་རྒྱུད་སྟོད་དགོན་པའི་དགེ་འདུན་ཁག་གཅིག་ནས་ཞལ་འདོན་བཏོན་པ་དང་འབྲེལ་བོད་གཞུང་ཟློས་གར་ཚོགས་པས་གར་འཆམ་གཟིགས་འབུལ་ཞུས་ཡོད་པ་རེད།
ཟླ་ ༣ ཚེས་ ༢༩ ཉིན་སྔ་དྲོའི་ཆུ་ཚོད་ ༡༠། ནས་ཆུ་ཚོད་ ༡།༠༠ བར་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་གི་ཚོགས་ཁང་དུ་འཇིགས་བྲལ་ཞེས་པ་དང་། Leaving Fear Behind, Distorted Propaganda, Diaspora in Refuge and Ocean of Wisdom བོད་དོན་དང་འབྲེལ་བའི་དངོས་བྱུང་གི་གློག་བརྙན་ཁག་མི་མང་ལ་རིམ་པས་བསྟན་ཡོད།
དེ་ནས་ཆུ་ཚོད་ ༣།༠༠ ཐོག་བོད་གཞུང་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ནས་མགོ་དང་ཀླད་པའི་མཐུན་གནས་ཀྱི་སྐོར་ལ་ (Harmony of Head and Heart) གསུང་བཤད་གནང་། དེ་རྗེས་ཆུ་ཚོད་ ༤།༣༠ ཐོག་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ནས་འཛམ་གླིང་ཞི་བདེ་དང་གཞོན་སྐྱེས་ (World Peace and Youth) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་།
གཞན་ཡང་བཀའ་ཟུར་བསྟན་འཛིན་དགེ་ཆེ་མཆོག་ནས་བཙན་བྱོལ་བོད་གཞུང་སྐོར་དང་། (CTA) སྐུ་ཞབས་ཨ་ནུ་པམ་ལྷར་མཆོག་ནས་བོད་མིའི་གཞིས་ཆགས་གསར་འཛུགས་སྐོར། (Mr.Anupam Dhar, IAS, Former Representative of UNHCR and Rehabilitation Officer, MHA on Rehabilitation and Settlement) སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པལྨ་མཆོག་ནས་བོད་ཕྲུག་གི་ཤེས་ཡོན་ (Education of Tibetan Children) བཅས་ཀྱི་བརྗོད་གཞིའི་ཐོག་བཞུགས་མོལ་བཀའ་བསྡུར་གནང་སྟེ་དེ་ཉིན་གྱི་མཛད་རིམ་ཁག་ལེགས་པར་གྲུབ།