ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །བོད་གཞུང་ཕྱི་དྲིལ་ལས་ཁུངས་དང་། ལྡི་ལི་སྐུ་ཚབ་དོན་ཁང་། རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་ཐུན་མོང་ནས་གོ་སྒྲིག་ཞུས་ཏེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༦ ནས་ཚེས་ ༣༠ བར་ཉིན་གྲངས་ ༥ རིང་རྒྱ་གར་གཞུང་མང་ཡོངས་ལ་གཞིས་བྱེས་བོད་མི་ཚང་མས་ཐུགས་རྗེ་ཆེ་ཞུ་སླད་ལོ་ངོ་ ༥༠ བཙན་བྱོལ་དུ་འདས་པའི་བོད་མིའི་སྐྱིད་སྡུག་དྲན་གསོའི་འགྲེམས་སྟོན་ཞིག་དབུ་འབྱེད་གནང་ཡོད།
དེ་ཡང་ཉིན་དང་པོའི་ཕྱེད་ཡོལ་ཆུ་ཚོད་ ༥།༣༠ ཐོག་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་ (Indian International Centre) དུ་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་རྒྱ་གར་
རྒྱལ་སྤྱིའི་བསྟི་གནས་ཁང་གི་ཚོགས་གཙོ་མཁས་དབང་སྐུ་ཞབས་ཨེམ་ཇའི་ཀལ་མི་ནོན་ (Prof M G K Menon president of Indian International Centre) མཆོག་རྣམ་གཉིས་གདན་ཞུས་ཀྱིས་རྒྱུད་སྟོད་དགོན་པའི་དགེ་འདུན་པ་ཁག་གཅིག་ནས་སྨོན་ལམ་ཤིས་བརྗོད་འདོན་སྐུལ་གནང་བ་དང་སྦྲགས་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུ་དང་ལོ་ངོ་ ༥༠ བཙན་བྱོལ་དུ་འདས་པའི་བོད་མིའི་སྐྱིད་སྡུག་དྲན་གསོའི་འགྲེམས་སྟོན་དབུ་འབྱེད་གནང་། དེ་རྗེས་ཆུ་ཚོད་ ༦།༤༠ ཐོག་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱིས་རྒྱུད་སྟོད་དགོན་པའི་དགེ་འདུན་པ་ཁག་གཅིག་ནས་སྨོན་ལམ་གསོལ་འདེབས་གནང་གྲུབ་མཚམས་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ཨེམ་ཇའི་ཀལ་མི་ནོན་མཆོག་ནས་གསུང་བཤད་གནང་དོན། ལོ་ངོ་ ༥༠ བཙན་བྱོལ་དུ་འདས་པའི་བོད་མིའི་སྐྱིད་སྡུག་དྲན་གསོའི་དུས་དྲན་མཛད་སྒོ་འདི་གར་ཚོགས་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་། བོད་མིའི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཕྱི་ལོ་ ༡༩༥༦ ལོར་སྟོན་པ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་གྱི་མཛད་སྒོར་ཐོག་མར་རྒྱ་གར་དུ་ཆིབས་སྒྱུར་གནང་ཡོད། དེ་ནས་ཕྱི་ལོ་ ༡༩༥༩ ལོར་ཏཱ་ལའི་བླ་མ་མཆོག་དང་། བོད་མི་མང་དག་ཅིག་སྐྱབས་བཅོལ་དུ་འབྱོར་ཡོད། སྐབས་དེར་རྒྱ་གར་གཞུང་མང་ཡོངས་ནས་ཁོང་དང་ཁོང་གི་མི་མང་ལ་ཕེབས་བསུའི་དགའ་བསུ་ཤུགས་ཆེ་ཞུས་ཡོད་པ་རེད། བོད་པའི་གཞོན་སྐྱེས་མང་པོ་ཞིག་ཧ་ལམ་ལོ་ངོ་༥༠ དེའི་ནང་འཚར་ལོངས་བྱུང་བ་རེད།
ཐེངས་འདིའི་མཛད་སྒོ་འདི་ནི་མེས་པོ་དམ་པ་གྷན་ལྷི་མཆོག་དང་མར་ཊིན་ལུ་ཐར་ཀིང་རྣམ་གཉིས་ཀྱི་བསྟི་གནས་ཁང་དུ་ཚོགས་རྒྱུ་བྱུང་བར་དགའ་སྤོབས་བྱེད་འོས་པ་ཞིག་ཡིན། ཁོང་རྣམ་གཉིས་ནི་འཚེ་མེད་ཞི་བའམ་ཞི་བདེའི་ནུས་པའི་མཚོན་རྟགས་ཤིག་རེད། བོད་མིའི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་དེང་གི་དུས་འདིར་འཛམ་གླིང་མི་མང་ལ་སེམས་ནང་གི་ཞི་བདེ་ཞེས་པ་གང་ཡིན་ངོ་སྤྲོད་གནང་མཁན་ཞིག་རེད། འདིར་འགྲེམས་སྤེལ་ཞུས་པའི་ཐང་ག་དང་ལག་ཤེས་དེ་དག་གི་ཐོག་ནས་བོད་པ་ཚོས་འདས་པའི་མི་ལོ་ ༥༠ ནང་སྐུ་ངལ་ག་ཚོད་བརྒྱབ་ཡོད་པ་དེ་ཤེས་རྟོགས་ཐུབ་ངེས་ཡིན། ཞེས་སོགས་གསུངས་ཡོད།
དེ་རྗེས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་དབུ་འབྱེད་གསུང་བཤད་གནང་དོན། སྤྱིར་སྲིད་པ་འཁོར་ལོ་བརྒྱུད་ནས་འཇིག་རྟེན་འདི་ནུབ་པ་ཞིག་དང་ཆགས་པ་ཞིག་བཅས་གཉིས་ཡོང་གི་ཡོད་པ་བཞིན། ལོ་ངོ་ ༥༠ སྔོན་རྒྱ་ནག་གཞུང་གིས་བོད་དེ་བཙན་འཛུལ་བྱས་ཏེ་གཉན་འཕྲང་ཅན་གྱི་གནས་སྟངས་འོག་བོད་མི་མང་པོ་རྒྱ་གར་དུ་སྐྱབས་བཅོལ་དུ་འབྱོར་ནས་ལོ་ངོ་ ༥༠ རིང་སྐྱབས་བཅོལ་དུ་ཉར་གནང་བར་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ཙམ་དུ་མ་ཟད་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། དེ་བཞིན་བོད་རིགས་གཞོན་སྐྱེས་ཚོར་སློབ་སབྱོང་གི་མཐུན་རྐྱེན་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་འཕགས་བོད་གཉིས་ཀྱི་འབྲེལ་ལམ་གཏིང་ཟབ་ཡོད་པ་རེད། དེར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་སྤྱིའི་ཡུལ་གྲུ་གང་དུ་ཆིབས་སྒྱུར་བསྐྱངས་སྐབས་འཕགས་བོད་གཉིས་ཀྱི་འབྲེལ་ལམ་གཏིང་ཟབ་ཡོད་སྐོར་འགྲེལ་བརྗོད་གནང་གི་ཡོད། ཅེས་དང་ཡང་བཀའ་ཁྲི་མཆོག་ནས། ལོ་ངོ་ ༥༠ སྔོན་མི་མང་པོ་ཞིག་ནས་བོད་པ་ཞེས་པ་དེ་རྩ་བརླག་ཏུ་ཕྱིན་ཚར་བ་རེད། ཅེས་ཤོད་ཀྱི་ཡོད། ཡིན་ནའང་ཕྱིས་སུ་རྒྱ་གར་དུ་ཡོད་པའི་བོད་པའི་གཞོན་སྐྱེས་མང་པོར་རྒྱ་གར་གཞུང་ནས་སློབ་སྦྱོང་གི་མཐུན་རྐྱེན་རོགས་སྐྱོར་གནང་རྐྱེན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་ནུས་པ་ཞིག་བྱུང་བ་རེད། དེར་བརྟེན་བོད་པ་རྣམས་སྐྱེ་བ་གསར་པ་ལེན་པ་ལྟ་བུ་ཆགས་པ་དེ་ཡང་རྒྱ་གར་གཞུང་མང་ཡོངས་ཀྱི་བཀའ་དྲིན་རེད། ངས་བཙན་བྱོལ་བོད་གཞུང་གི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་པ་རེད།
དེ་རྗེས་བོད་གཞུང་ཟློས་གར་ཚོགས་པས་བཀྲ་ཤིས་ཞོལ་པ་དང་། ནང་མ་བཀྲ་ལ་ཤིས་པ། གསེར་ཁྲི་མངའ་གསོལ། ཆོལ་གསུམ་མི་རིགས་བཅས་ཀྱི་གཞས་སྣ་ཁག་གཅིག་རིམ་པས་གཟིགས་འབུལ་ཞུས། ཐེངས་འདིའི་འགྲེམས་སྟོན་ནང་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་སྡེ་ཚན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་། བཙན་བྱོལ་གཞུང་གི་འབྱུང་རིམ། ལྷན་ ཁང་ཁག་བདུན་གྱི་འཕེལ་རིམ་བཅས་ཀྱི་དཔར་རིགས་དང་། བོད་གཞུང་སྨན་རྩིས་ཁང་ནས་སྨན་རིགས། ཝ་ཎ་བོད་ཀྱི་མཐོ་སློབ་དང་། བོད་གཞུང་ཤེས་རིག་དཔར་ཁང་། དཔར་འབྱོར་དཔར་སྐྲུན་ཁང་བཅས་ཐུན་མོང་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གནས་ཀྱི་ཕྱག་དཔེ་དང་དཔེ་དེབ་ཁག
བོད་གཞུང་ཟློས་གར་ཚོགས་པས་བོད་ཆོལ་ཁ་གསུམ་གྱི་ཆས་གོས་དང་རོལ་ཆ་འདྲ་མིན། རྒྱུད་སྟོད་དགོན་པ་ནས་དཀྱིལ་འཁོར་དང་མཆོད་པ། ལྡི་ལི་བོད་ཁང་ནས་བོད་ཁང་བོད་ཀྱི་དཔར་རིགས་ཁག་དང་ཨ་ལད་པད་ཀོ་བརྒྱུད་ནས་བོད་ཀྱི་ཆས་གོས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ལྟེ་གནས་ཁང་ནས་བོད་ཀྱི་ལག་ཤེས་འདྲ་མིན་ཁག བདེ་སྐྱིད་གླིང་དང་ར་ཇ་པུར་གཞིས་ཆགས་ཀྱི་བུད་མེད་ཚོགས་པ་ནས་ཐག་རིགས་འདྲ་མིན། སྒེར་གྱི་མི་སྣ་ཁག་ནས་དེང་དུས་རི་མོ་སོགས་བོད་ཀྱི་ཆོས་རིག་དང་འབྲེལ་བའི་འགྲེམས་སྟོན་རྒྱ་ཆེ་ཞིག་གནང་ཡོད།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོས་དབུས་པའི་དུས་རྟག་ཏུ་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཀ་མི་ལ་ཝཐ་ས་ཡན་ (Kapila Vathsayan) དང་། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ། རྒྱ་གར་གྱི་འབྲུག་གི་གཞུང་ཚབ་ཟུར་པ། དེ་མིན་གྱི་སྐུ་མགྲོན་རྣམས་དང་། གསར་འགོད་པ། ལྡི་ལིར་གནས་སྡོད་བོད་མི་བཅས་མི་གྲངས་ ༤༠༠ ཙམ་མཛད་སྒོ་དེའི་ཐོག་བཅར་ཡོད་པ་རེད།