ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༡༤ རེསགཟའ་སྤེན་པ།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༢ ནས་འགོ་བཙུགས་ཏེ་བོད་ཆོལ་གསུམ་ཁྱོན་གྱི་ས་ཁུལ་གང་སར་རྒྱ་ནག་གཞུང་ནས་དྲག་ཆས་དམག་མི་འཕར་མ་བཏང་སྟེ་ཕྱི་ཟླ་ ༣ པའི་ནང་དྲག་གནོན་བྱ་རྒྱུའི་གྲ་སྒྲིག་བྱས་ཡོད་པ་ལྟར། ད་རེས་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་གནས་ཡུལ་བོད་མིའི་ས་ཁུལ་གང་སར་ལག་ཏུ་གོ་མཚོན་ཐོགས་པའི་རྒྱ་གཞུང་གི་དྲག་ཆས་དམག་མི་ཁྱོན་ཆེས་སྲང་ལམ་ཁག་དང་། ལམ་ཟུར་ཁག རྒྱུན་གཏན་མི་ཚོགས་འདུ་འཛོམས་ཆེ་ཡུལ་བཅས་སུ་མངོན་གསལ་དོད་པོའི་ཐོག་བསྐོར་གཡེང་བྱེ་བཞིན་ཡོད་པ་མ་ཟད། གནས་ཡུལ་བོད་མིའི་ས་གནས་མང་ཆེ་བར་འགྲུལ་བཞུད་བྱ་རྒྱུར་ཡང་བཀག་འགོག་བྱས་པ་དང་། ལྷག་པར་ཁམས་དཀར་མཛེས་ཁུལ་དུ་ཚོང་ཁང་དང་ཟ་ཁང་ཚང་མ་སྒོ་རྒྱག་ཏུ་བཅུག་པ་མ་ཟད། སྒེར་པའི་རླངས་འཁོར་འགྲུལ་སྐྱེལ་བྱ་རྒྱུ་བཀག་འགོག་དང་འབྲེལ་བོད་མི་འགྲོ་འོང་བྱ་རྒྱུར་ཡང་དྲག་ཆས་དམག་མིས་བཀག་འགོག་བྱས་ཏེ་དམ་དྲག་ཤིན་ཏུ་ཆེན་པོ་བྱས་དང་བྱེད་བཞིན་ཡོད་པའི་གནས་ཚུལ་དང་། དེ་མཚུངས་བོད་ཀྱི་ས་ཁུལ་ཚང་མའི་ནང་རྒྱ་གཞུང་ནས་དྲག་ཆས་དམག་མི་ཁྱོན་ཆེ་བཏང་སྟེ་བོད་མི་རྣམས་ལ་བསུན་གཙེར་དང་དམ་དྲག་ཆེན་པོ་བྱས་དང་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག