ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༦ རེས་གཟའ་པ་སངས།
༄༅། །བོད་རྒྱལ་ལོ་ ༢༡༣༦ རབ་བྱུང་བཅུ་བདུན་པའི་བོད་ཟླ་ ༡ ཚེས་ ༡༠ ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༦ ནས་ ༨ བར་ཉིན་གྲངས་གསུམ་རིང་ཆོས་ཚོགས་ཐེངས་བཅུ་པ་ཚུགས་གཏན་འཁེལ་ཡོད་པ་དང་། ཉིན་དང་པོའི་སྔ་དྲོ་ཆུ་ཚོད་ ༨།༤༥ ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་དབུ་ཁྲིད་བླ་ཆེན་རྣམ་པ་དང་། མཁན་པོ། བླ་སྤྲུལ། བླ་ཆེན་ཁག་གི་སྐུ་ཚབ། སྐུ་མགྲོན། ཚོགས་མི་བཅས་བཞུགས་སྒར་ཐེག་ཆེན་ཆོས་གླིང་ཕོ་བྲང་གི་ཆོས་ཚོམས་ཆེན་དུ་བཞུགས་གྲལ་འཁོད་རྗེས་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ནས་ཆོས་ཚོགས་ཐེངས་བཅུ་པའི་དབུ་འབྱེད་ཀྱི་འོད་སྣང་འབུམ་དང་ལྡན་པའི་སྣང་གསལ་ཞལ་ཕྱེ་གནང་བ་དང་སྟབས་བསྟུན་སྐུ་བཅར་རྣམ་གྲྭའི་དགེ་འདུན་པ་བཞིས་ཤིས་བརྗོད་གསོལ་འདེབས་གསུང་བཞིན་པར་རྟེན་འབྱུང་གསོལ་ཇ་དང་བཞེས་འབྲས་བཅས་འདེགས་འབུལ་གནང་།
དེ་རྗེས་དཔལ་ལྡན་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་རྗེས་ཆོས་ཚོགས་ཐེངས་བཅུ་པའི་ངོ་སྤྲོད་གསུང་བཤད་གནང་། དེ་ནས་དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་ནས་བཀའ་ཤག་གི་གསུང་བཤད་གནང་གྲུབ་རྗེས་ཆོས་རིག་དྲུང་ཆེ་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་འབྲེལ་གསོལ་ཇ་བཞེས་ཏོག་བཅས་འདེགས་འབུལ་གྱིས་དབུ་འབྱེད་མཛད་སྒོ་གྲུབ།
དབུ་འབྱེད་ཀྱི་མཛད་སྒོ་གྲུབ་རྗེས་སྔ་དྲོའི་ཆུ་ཚོད་ ༡༡།༡༥ ཐོག་ཆོས་ཚོགས་ཚོགས་ཆེན་ཐེངས་བཅུ་པའི་ཚོགས་ཐུན་དང་པོའི་གྲོས་གཞི་དོན་ཚན་དང་པོའི་ནང་། ཆོས་ཚོགས་ཐེངས་ ༩ པའི་གྲོས་ཆོད་ཁག་ལག་བསྟར་ཇི་གནང་བསྐྱར་ཞིབ་སྙན་ཐོ་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་སྙན་སྒྲོན་གནང་བ་དང་། གྲོས་གཞི་དོན་ཚན་གཉིས་པའི་ནང་། ཆོས་རིག་ལས་ཁུངས་འདི་བཞིན་ཆོས་བརྒྱུད་ཁག་གི་དབང་ལྡན་སྐུ་ཚབ་ཡོད་པ་ཞིག་ཏུ་བསྒྱུར་ཕྱོགས་སྐོར་ཆོས་ཚོགས་ཐེངས་བརྒྱད་པའི་གྲོས་ཆོད་དགོངས་དོན་ཆོས་རིག་ལས་ཁུངས་ཀྱིས་ཚོགས་ཆུང་ཟུར་འཛུགས་ཞུས་པའི་ཚོགས་ཆུང་གི་སྙན་ཐོ་བཅས་བཀའ་བསྡུར་གནང་སྐབས་གཙོ་སྐྱོང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ནས་གནང་།
ཉིན་དང་པོའི་ཕྱི་དྲོའི་ཚོགས་ཆེན་ཚོགས་ཐུན་གཉིས་པའི་གྲོས་གཞི་དོན་ཚན་གསུམ་པའི་ནང་། ཆོས་ལུགས་ཆོས་བརྒྱུད་སོ་སོའི་བླ་སྤྲུལ་ངོས་འཛིན་གནང་ཕྱོགས་ཐོག་བཀའ་བསྡུར་དང་འབྲེལ་རྩ་འཛིན་ཡིག་ཆ་གཏན་འབེབས་གནང་བ་དེ་དག་གསལ་བསྒྲགས་དང་། ཕྱག་བསྟར་དམ་དོན་ཡོང་ཐབས་སྐོར་ལ་བཀའ་བསྡུར་གནང་སྐབས་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་ནས་གཙོ་སྐྱོང་གནང།
ཉིན་དང་པོའི་ཕྱི་དྲོའི་ཚོགས་ཆེན་ཚོགས་ཐུན་གསུམ་པའི་གྲོས་གཞི་དོན་ཚན་བཞི་པའི་ནང་། ཆོས་ཚོགས་ཐེངས་དགུ་པའི་གྲོས་ཆོད་ནང་གསལ་ཆོས་ལུགས་ཆོས་བརྒྱུད་སོ་སོར་དགེ་བཤེས་སམ། མཁན་པོའི་མཚན་གནས་གཏན་འབེབས་གནང་ཕྱོགས་ཐོག་བཀའ་བསྡུར་གནང་སྐབས་འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག་གི་སྐུ་ཚབ་རྒྱལ་ར་ཁྲི་ཚབ་རིན་པོ་ཆེ་མཆོག་ནས་གཙོ་སྐྱོང་གནང་སྟེ་ཉིན་དང་པོའི་ཆོས་ཚོགས་ལེགས་པར་གྲུབ།
ཆོས་ཚོགས་ཐེངས་བཅུ་པའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་གཙོས་ཤར་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག འབྲི་གུང་ཆེ་ཚང་རིན་པོ་ཆེའི་སྐུ་ཚབ་རྒྱལ་ར་ཁྲི་ཚབ་རིན་པོ་ཆེ་མཆོག གྲུབ་དབང་པད་ནོར་རིན་པོ་ཆེའི་སྐུ་ཚབ་མཁན་པོ་པདྨ་ཤེས་རབ། འབྲུག་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཚབ་མཁན་པོ་འཇིགས་མེད་རྡོ་རྗེ་བཅས་དང་། དེ་བཞིན་བཙན་བྱོལ་བོད་གཞུང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། ཁྲིམས་ཞིབ་པ་གཞན་གཉིས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག སྤྱི་འཐུས་ཚོགས་གཞོན་མཆོག བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་གཉིས་སོགས་མཛད་སྒོར་བཅར་ཡོད་པ་བཅས་ཀྱི་གནས་བསྡུས་སུ།