ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་བོད་རྒྱལ་ལོ་ ༢༡༣༦ རབ་བྱུང་བཅུ་བདུན་པའི་ས་གླང་ལོ་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༩ ཕྱེད་ཡོལ་ནས་ཚེས་ ༢༧ བར་བཙན་བྱོལ་བོད་གཞུང་གི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་དུ་སྐོང་ཚོགས་ཀྱིས་གྲོས་ཚོགས་ཚོགས་བཞིན་ཡོད།
དེ་ཡང་གྲོས་ཚོགས་ཉིན་དང་པོ་ཕྱི་ཚེས་ ༩ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པས་དབུས་བཀའ་བློན་རྣམ་པ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གསར་འགོད་པ་དང་། ཟུར་ཉན་པ་རྣམས་བཅས་ཚང་འཛོམས་ཐོག་ཚོགས་འདུ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་། འབྲས་བསིལ་འདེགས་འབུལ་གནང་གྲུབ་མཚམས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་སྟེ་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་། དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་གྲོས་ཚོགས་དབུ་འཛུགས་མཛད་སྒོའི་གསུང་བཤད་གནང་བ་དང་འབྲེལ་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་བསྟུན་གྲོས་ཚོགས་དངོས་གཞི་དབུ་འཛུགས་གནང་ཡོད་པའི་གནས་ཚུལ་དུ།།