ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨི་ཊ་ལིའི་རྒྱལ་ས་རོམ་གཞུང་གིས་གྲོང་ཁྱེར་དེའི་ཆེ་བསྟོད་མི་སེར་གྱི་མཚན་མཐོང་ཕྱག་འཁྱེར་འབུལ་སླད་གདན་ཞུའི་གསོལ་འདེབས་ཞུས་པར་ལྟར་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༩ ཉིན་གྱི་ཕྱེད་ཡོལ་རོམ་གྱི་གྲོང་སྡེ་ཚོགས་ཁང་ཆེན་མོའི་ནང་རོམ་གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་ཇི་ཡ་ནི་ཨ་ལི་མན་ནོ་(Gianni Alemanno)མཆོག་དབུ་བཞུགས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་འབུལ་བཞེས་གནང་ཡོད་པ་རེད།
དེ་ཡང་ཨི་ཊ་ལིའི་རྒྱལ་ས་རོམ་གྲོང་སྡེ་ལས་ཁུངས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་གཏོང་ཐབས་གནང་བ་དང་ལྷག་དོན་འཚེ་མེད་ཞི་བའི་ཐབས་ལམ་གྱི་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐབས་གནང་བཞིན་ཡོད་པར་ཆེ་བསྟོད་ཞུ་སླད་སྔ་ལོའི་ཕྱི་ཟླ་ ༩ ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་དེའི་མི་སེར་གྱི་ཆེ་བསྟོད་ཕྱག་འཁྱེར་འབུལ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་བ་ཞིག་ཡིན་འདུག
དེ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རོམ་གྲོང་སྡེ་ཚོགས་ཁང་དུ་༸ཞབས་སོར་འཁོད་སྐབས་ཨི་ཊ་ལིའི་མི་མང་བརྒྱ་ཕྲག་མང་པོས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། རོམ་གྲོང་སྡེའི་སྤྱི་ཁྱབ་ནས་ཚོགས་ཁང་མདུན་དུ་༸གོང་ས་མཆོག་ཕེབས་བསུར་བཅར་ཏེ་མཇལ་མོལ་གནང་ཡོད་པ་དང་། དེ་རྗེས་སྤྱི་ཁྱབ་མཆོག་ནས་མགོན་པོ་གང་ཉིད་ལ་གཞོན་ནུའི་བློན་ཆེན་དང་། གྲོང་སྡེའི་སྲིད་བྱུས་ལས་ཁུངས་ཀྱི་བློན་ཆེན་གྱིས་དབུས་པའི་ཨི་ཊ་ལིའི་གཞུང་གི་བློན་ཆེན་ཆེ་གྲས་ཚོ་དང་གཞུང་ཞབས་ལས་བྱེད་ཁག་ཅིག་བཅས་ངོ་སྤྲོད་ཞུས་ཡོད་པ་རེད།
དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རོམ་གྲོང་ཁྱེར་གྱི་གསེར་དེབ་(Rome’s Golden Book)ཐོག་མཚན་རྟགས་བཀོད་འཕྲལ་རོམ་གྲོང་སྡེ་ཚོགས་ཁང་ཆེན་མོའི་ནང་༸ཞབས་སོར་འཁོད་ཡོད་པ་རེད། ༸ཞབས་སོར་འཁོད་སྐབས་མཛད་སྒོར་བཅར་བའི་མི་མང་རྣམས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ཏེ་བོད་ལ་རང་དབང་དགོས་ཞེས་སྐད་འབོད་སྒྲོག་ཡོད་པ་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་འབུལ་ལམ་མ་ཞུས་སྔོན་དུ་རོམ་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་སྐུ་ཞབས་ཇི་ཡ་ནི་ཨ་ལི་མན་ནོ་མཆོག་གིས་གསུང་བཤད་གནང་དོན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་བོད་ལ་རང་སྲིད་རང་སྐྱོང་ཡོང་ཐབས་སླད་བོད་མིའི་སྐུ་ཚབ་རྣམས་དང་ལྷན་དུ་འབྲེལ་མོལ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། ཨི་ཊ་ལིའི་གཞུང་ལའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་མའི་ལམ་གྱི་མཛད་བྱུས་ཁག་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་ས་ཡ་དྲུག་གི་སྐུ་ཚབ་ཞུས་ཏེ་རོམ་གྲོང་སྡེའི་སྤྱི་ཁྱབ་མཆོག་ལ་ཐུགས་རྗེ་ཆེ་ཞུས་ཏེ་བཀའ་སློབ་ཕེབས་དོན། ངོས་ལ་ཨི་ཊ་ལིའི་གྲོང་ཁྱེར་གྱི་གྲོང་སྡེ་ལས་ཁུངས་ནས་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་གནང་བར་ངོས་ཀྱིས་ཆེས་མཐོང་ཆེན་པོར་ངོས་འཛིན་ཞུ་གི་ཡོད། དེ་ནི་ཕྱི་ལོ་ ༡༩༨༩ ལོར་ངོས་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་གནང་བའི་སྐབས་ཚོར་སྣང་གང་བྱུང་བ་དེ་མཚུངས་བྱུང་། ཞེས་དང་། དེ་ནི་འཚེ་མེད་ཞི་བའི་ཐབས་ལམ་ལ་བློ་སྟོབས་སྤར་བ་ཞིག་ཡིན་སྟབས་ངོས་ལ་བློ་སྟོབས་སྐྱེས་བྱུང་། ངོས་ཀྱིས་དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐབས་ཀྱིས་འབད་བརྩོན་བྱས་པར་ངོས་འཛིན་གྱི་ཕྱག་འཁྱེར་དེ་གནང་བ་ཡིན་སྟབས། ངོས་ཀྱི་བསམ་པར་བོད་མི་ཚོས་བོད་དོན་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ནང་བོད་མིར་སྣང་མེད་བཏང་མེད་པའི་ཚོར་བ་ཞིག་ཡོང་རྒྱུ་རེད། ཅེས་བཀའ་སྩལ་ཡོད་པ་དང་། ལྷག་དོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཕེབས་དོན། ངོས་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་དེ་གནང་བའི་སྐབས་སུ་བོད་ནང་གི་གནས་སྟངས་ནི་ཡིད་སྐྱོ་དང་དམ་བསྒྲགས་ཤུགས་ཆེའི་འོག་གནས་ཡོད། དབུ་མའི་ལམ་གྱི་ཐབས་ལམ་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐུབ་པ་ཡིན་ན་བོད་དང་རྒྱ་མི་རིགས་གཉིས་ཀར་ཕན་ཐོགས་ལྡན་པ་ཞིག་རེད། ཅེས་བཀའ་སྩལ་ནས་མགོན་པོ་གང་ཉིད་ཀྱི་སྐུ་ཚེའི་རླབས་ཆེན་གྱི་མཛད་འཁུར་གསུམ་སྟེ་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་། འཛམ་གླིང་ཆོས་ལུགས་ཕན་ཚུན་མཛའ་མཐུན་མཉམ་གནས་ཡོང་ཐབས། བོད་མི་ཞིག་ཡིན་པའི་ཆ་ནས་བོད་དོན་ཐོག་ལ་ཐུགས་འགན་ཡོད་པ་བཅས་བསྐྱར་ཟློས་གནང་ཡོད་པ་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་ཁང་ནས་ཆིབས་ཞལ་མ་བསྒྱུར་གོང་དེ་གར་བཅར་བའི་མི་མང་རྣམས་ལ་བཀའ་སློབ་ཡང་གནང་ཡོད་པ་རེད་འདུག
དེ་ཉིན་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨི་ཊ་ལིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་གྲངས་ ༢༥ ནས་མཇལ་འཕྲད་ཞུས་ཏེ་ད་ལྟའི་བོད་ནང་གི་གནས་སྟངས་དང་ཁོང་རྣམ་པའི་ཕྱོགས་ནས་བོད་དོན་ཐད་གཞོགས་འདེགས་ཞུ་ཕྱོགས་གང་ཡོད་སྐོར་བཀའ་དྲི་ཞུས་ཡོད་པ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། གནའ་རབས་ཀྱི་རྒྱལ་ཁབ་གཅིག་འཆི་ཉེན་ཡོད་པའི་སྐབས་དེར་རང་དབང་ལྡན་པའི་རྒྱལ་ཁབ་ཚོས་རོགས་རམ་བྱེད་དགོས་པའི་འགན་ཁུར་ཡོད་པ་རེད། ཅེས་བཀའ་སྩལ་ཡོད།
དེ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་མི་སེར་གྱི་མཚན་གནས་འབུལ་ལམ་ཞུ་བའི་མཛད་སྒོ་ཞིག་ཚོགས་གནང་སྟེ་མཛད་སྒོའི་ཐོག་རྒྱལ་ས་རོམ་གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་ཇི་ཡ་ནི་ཨ་ལི་མན་ནོ་མཆོག་གིས་གསུང་གནང་དོན། བོད་མིའི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་འབུལ་རྒྱུའི་གོ་སྐབས་བྱུང་བ་དེ་ནི་ཨི་ཊ་ལིའི་རྒྱལ་ས་རོམ་ཙམ་མ་ཡིན་པར་ཨི་ཊ་ལིའི་རྒྱལ་ཡོངས་ཀྱི་གཟི་བརྗིད་ཡིན། ཞེས་ཞུས་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨི་ཊ་ལིའི་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོ་དེ་ཨི་ཊ་ལིའི་རྒྱལ་ཡོངས་བརྙན་འཕྲིན་དང་། རླུང་འཕྲིན་ཁང་བརྒྱུད་ཐད་ཀར་རྒྱང་སྲིང་ཞུས་ཡོད་པ་མ་ཟད། ཚོགས་ཁང་གི་ཕྱིར་བཅར་བའི་མི་མང་བརྒྱ་ཕྲག་མང་པོར་ཡོལ་བ་པོའི་སྟེང་དུའང་བསྟན་ཡོད་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཧ་ཅང་རྒྱས་པོ་དང་ཁྱབ་བསྒྲགས་ཤུགས་ཆེ་ཤུགས་བྱུང་ཡོད།
མཛད་སྒོ་ཁག་ལེགས་གྲུབ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་དང་བཅས་ཨི་ཊ་ལིའི་རྒྱལ་ས་རོམ་ནས་ཝི་ནི་སེར་ཆིབས་ཞལ་བསྒྱུར་ཡོད་པ་རེད།།