ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༧ ཉིན་བཞུགས་སྒར་རྡ་ས་ནས་སྟོན་འཁོར་ཧྲག་བསྡུས་དང་བཅས་ཡུ་རོབ་ཀྱི་ཡུལ་གྲུ་ཨི་ཊ་ལིར་ཆིབས་ཞལ་བསྒྱུར་ནས་ཕྱི་ཚེས་ ༨ ཉིན་གྱི་ཕྱི་དྲོ་ཨི་ཊ་ལིའི་རྒྱལ་ས་རོམ་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་དང་བཅས་རྒྱལ་ས་རོམ་གྱི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་དང་། རྒྱལ་ས་རོམ་གྲོང་ཁྱེར་སྤྱི་ཁྱབ་ཀྱི་ཕྱི་སྲིད་སློབ་སྟོན་པ་སྐུ་ཞབས་མ་རིའོ་ཝ་ཊི་ནི་(Mario Vattani)དང་། གདན་ཞུའི་གྲ་སྒྲིག་ཚོགས་ཆུང་གི་འཐུས་མི་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་རྗེས་བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་ཡོད་པ་རེད། མགྲོན་ཁང་གི་ཕྱིར་ཆོས་ཚོགས་ཁག་ནས་ཕེབས་པའི་དགེ་འདུན་པས་དབུས་ཨི་ཊ་ལིར་གནས་སྡོད་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་བཅས་ནས་ལག་ཏུ་དྲི་ཞིམ་བདུག་སྤོས་དང་། མེ་ཏོག གྲོ་སོ་ཕྱེ་མར་བཅས་འཁྱེར་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།
གྲོང་ཁྱེར་རོམ་གྱི་སྤྱི་ཁྱབ་ལས་ཁུངས་ནས་བརྙན་འཕྲིན་དང་གསར་ཁང་གཙོ་བོ་ཁག་གཅིག་འདེམས་བསྒྲུགས་བྱས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྲི་བ་ཕུལ་རྒྱུའི་གོ་སྒྲིག་ཞུས་ཡོད་པ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་ཀྱི་སྐུ་ཚེའི་རླབས་ཆེན་མཛད་ཁུར་གསུམ་སྟེ་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་། འཛམ་གླིང་ཆོས་ལུགས་ཕན་ཚུན་མཛའ་མཐུན་མཉམ་གནས་ཡོང་ཐབས། བོད་དོན་བཅས་ཀྱི་སྐོར་འགྲེལ་བརྗོད་གནང་བ་མ་ཟད། མགོན་པོ་གང་ཉིད་ད་ལྟའི་བོད་ནང་གི་གནས་སྟངས་ལ་ཐུགས་འཚབ་ཆེན་པོ་ཡོད་སྐོར་དང་། ཡིན་ནའང་བོད་ཀྱི་གནད་དོན་སེལ་ཐུབ་པའི་ཐུགས་རེ་མུ་མཐུད་ནས་གནང་བཞིན་ཡོད་པའི་བཀའ་ཕེབས་ཡོད་པ་རེད།
ཐེངས་འདིའི་ཆིབས་སྒྱུར་དེ་བཞིན་དེ་སྔ་དང་མི་འདྲ་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྣེ་ཤན་དང་སྐུའི་སྲུང་བྱ་ཞུ་ཕྱོགས་ཐད་ཨི་ཊ་ལིའི་རྒྱལ་ས་རོམ་གཞུང་གིས་ཐུགས་འགན་ཆ་ཚང་བཞེས་གནང་སྟེ་སྲུང་བྱ་ཧ་ཅང་གིས་བཙན་པོ་ཡོད་པ་མ་ཟད། ཟླ་ཤས་སྔོན་ནས་གྲ་སྒྲིག་ཞུས་ཏེ་ཇི་ནི་ཝ་སྐུ་ཚབ་དོན་གཅོད་ཁང་དུ་ཡང་ཡང་འབྲེལ་གཏུགས་གནང་སྟེ། སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་གསུང་ཞུས་ཏེ་རྒྱལ་ས་རོམ་གྱི་ཆིབས་སྒྱུར་གྲ་སྒྲིག་ཚོགས་ཆུང་ནས་ཟུར་དུ་ཆིབས་སྒྱུར་དང་འབྲེལ་བའི་ཚོགས་འདུ་ཁག་ཡང་ཡང་སྐོང་ཚོགས་གནང་ཡོད་པ་རེད།
ཕྱི་ལོ་ ༢༠༠༩ ལོའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཆིབས་སྒྱུར་དེ་ཨི་ཊ་ལིའི་ཡུལ་དུ་དབུ་འཛུགས་གནང་བར་རྒྱལ་ས་རོམ་གྱི་ཆིབས་སྒྱུར་གྲ་སྒྲིག་ཚོགས་ཆུང་ཙམ་མ་ཡིན་པར་ཨི་ཊ་ལིའི་མི་མང་ནས་དམིགས་བསལ་གྱིས་དགའ་ཚོར་ཆེན་པོ་ཞུ་བཞིན་ཡོད་པ་རེད།
ཐེངས་འདིར་ཨི་ཊ་ལིར་ཆིབས་སྒྱུར་བསྐྱངས་དོན་གཙོ་བོ་ནི། ཨི་ཊ་ལིའི་རྒྱལ་ས་རོམ་གྲོང་སྡེ་ལས་ཁུངས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་གཏོང་ཐབས་གནང་བ་དང་ལྷག་དོན་འཚེ་མེད་ཞི་བའི་ཐབས་ལམ་གྱི་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐབས་གནང་བཞིན་ཡོད་པར་ཆེ་བསྟོད་ཞུ་སླད་སྔ་ལོའི་ཕྱི་ཟླ་ ༩ ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་དེའི་མི་སེར་གྱི་ཆེ་བསྟོད་ཕྱག་འཁྱེར་འབུལ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་ཡོད་པ་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨི་ཊ་ལིའི་རྒྱལ་ས་རོམ་གཞུང་གིས་གྲོང་ཁྱེར་དེའི་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་འབུལ་ཆེད་གདན་ཞུའི་གསོལ་འདེབས་ཞུས་པར་བརྟེན་ཆིབས་སྒྱུར་བསྐྱངས་པ་ཞིག་ཡིན་འདུག