ཕྱི་ལོ་ ༢༠༠9 ཟླ་ ༢ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །བོད་རྒྱལ་ལོ་ ༢༡༣༥ རབ་གནས་ས་བྱི་བོད་ཟླ་ ༡༢ ཚེས་ ༢༣ ནས ༢༥ དང་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༡༧ ནས་ ༡༩ བར་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་ཀོ་ལེ་གྷལ་དོན་ལྡན་གླིང་འགོ་མང་སྤྱི་མགྲིན་ནས་ཇི་ལྟར་གསོལ་བ་བཏབ་པར་སྨིན་སྩལ་བྱུང་སྟེ་ཀོ་ལེ་གྷལ་དོན་ལྡན་གླིང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༡༧ སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀོ་ལེ་གྷལ་དོན་ལྡན་གླིང་གི་ཉིན་སློབ་རྩེད་ཐང་དུ་༸ཞབས་སོར་འཁོད་སྐབས་ཀོ་ལེ་གྷལ་ས་གནས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ན་རིན་ཌ་ར་ཨར་ (Mr. Narendra R. MLA -kollegal) དང་། ས་གནས་རྫོང་དཔོན།(DC) ས་གནས་བསྐོར་སྲུང་སྤྱི་ཁྱབ།(SP) ནང་སྲིད་དྲུང་ཚབ་དངོས་གྲུབ་རྡོ་རྗེ་ལགས། རྫོགས་ཆེན་རིན་པོ་ཆེ། རྟ་རྣ་རིན་པོ་ཆེ། བསྟན་པ་ཉི་མ་རིན་པོ་ཆེ། ས་གནས་འཐུས་མིའི་ཚོགས་གཙོ། ས་གནས་འགོ་འཛིན། སློབ་སྤྱི་བཅས་ནས་གུས་བསུའི་མཇལ་དར་འབུལ་ལམ་ཞུས་ཡོད་པ་རེད། ཕེབས་སྒོ་དང་པོར་སློབ་ཕྲུག་ཁག་གཅིག་ནས་བཀྲིས་ཞོལ་པ་འཁྲབ་སྟོན་ཞུས་པ་དང་བོད་ཆོལ་གསུམ་གྱི་ཆས་གོས་གཟབ་མཆོར་ལེགས་པར་སྤྲས་པའི་སློབ་ཕྲུག་གསུམ་ནས་རྟེན་འབྱུང་གྲོ་སོ་ཕྱེ་མར་འདེགས་འབུལ་ཞུས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག
དེ་ནས་༸རྒྱལ་བའི་ཕོ་བྲང་དུ་ཕེབས་འགྲོའི་ནང་ཆིབས་སྒྱུར་བསྐྱངས་སྐབས་ཕེབས་ལམ་གཡས་གཡོན་དུ་དགེ་འདུན་པ་དང་། ས་གནས་འཐུས་མི་དང་། རང་བདེན་ཚོགས་མི། སློབ་གྲྭའི་དགེ་ལས། གཞིས་མཉམ་ནང་བདེ་ལས་བྱེད། སྨན་ཁང་གཉིས་ཀྱི་ལས་བྱེད། ནང་བདེ་འགན་ལྷན། ས་གཞོན་རྒྱུན་ལས། བུད་མེད་རྒྱུན་ལས། སློབ་ཕྲུག མི་མང་བཅས་ནས་རུ་སྟར་སྒྲིག་སྟེ་ཕེབས་བསུ་ཞུས་ཡོད།
དེ་རྗེས་༸རྒྱལ་བའི་ཕོ་བྲང་གི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་བམཛད་སྒོ་དབུ་འཛུགས་ཀྱིས་མཛད་སྒོའི་ཐོག་མར་ས་འཐུས་ཚོགས་གཙོ་དང་ས་གནས་འགོ་འཛིན་གཉིས་ནས་མལ་རྟེན་གསུམ་འདེགས་འབུལ་ཞུས་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀོ་ལེ་གྷལ་ས་གནས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ན་རིན་ཌ་ར་ཨར་དང་། ས་གནས་རྫོངདཔོན། ས་གནས་བསྐོར་སྲུང་སྤྱི་ཁྱབ། ནང་སྲིད་དྲུང་ཚབ་དངོས་གྲུབ་རྡོ་རྗེ་ལགས། རྫོགས་ཆེན་རིན་པོ་ཆེ། རྟ་རྣ་རིན་པོ་ཆེ། བསྟན་པ་ཉི་མ་རིན་པོ་ཆེ། ཆོས་སྒར་ཁག་གི་སྐུ་ཚབ། ས་འཐུས་ཚོགས་གཞོན་བཅས་ལྷན་འཛོམས་ཐོགབཀའ་སློབ་སྩལ་ཡོད་འདུག
ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀོ་ལེ་གྷལ་གཞིས་ཆགས་ཀྱི་གསུང་ཆོས་རྭ་བར་༸ཞབས་སོར་འཁོད་དེ་ཆོས་འབྲེལ་ལེགས་གྲུབ་རྗེས་ཀོ་ལེ་གྷལ་དད་ལྡན་མི་མང་རྣམས་ནས་བཀའ་དྲིན་གཏང་རག་གི་འབུལ་མཚན་བསྟར་འབུལ་ཞུས་ཏེ་ཆུ་ཚོད་ ༡༠།༣༠ ཐོག་ལས་བསྡོམས་ཚོགས་ཆེན་དབུ་འཛུགས་ཀྱིས་ཀོ་ལེ་གྷལ་དོན་ལྡན་གླིང་གི་ས་གནས་འགོ་འཛིན་ཀརྨ་སེང་གེ་ལགས་ནས་གཞིས་ཆགས་ཀྱི་ལས་བསྡོམས་༸སྙན་སྒྲོན་འབུལ་ཞུས་གྲུབ་རྗེས་ནང་སྲིད་དྲུང་ཚབ་དངོས་གྲུབ་རྡོ་རྗེ་ལགས་ནས་གསུང་བཤད་གནང་ཡོད་འདུག དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀོ་ལེ་གྷལ་དོན་ལྡན་གླིང་མང་ཚོགས་ཡོངས་ལ་བཀའ་སློབ་བཀྲིན་ཆེ་གནང་མཛད་གྲུབ་མཚམས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་བསོད་ནམས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ་ཡོད་འདུག
ཀོ་ལེ་གྷལ་དོན་ལྡན་གླིང་དུ་མཛད་འཆར་ཁག་ལེགས་པར་གྲུབ་ཟིན་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀར་ཌྷ་ཊ་ཀ་མངའ་སྡེའི་མའི་སོར་ཁུལ་དུ་ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག