ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་གཞིགས་ན། ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༧ ཉིན་དགོང་དྲོ་ཁམས་སྡེ་དགེ་དགོན་ཆེན་ཁུལ་ས་གནས་འབྲེལ་ཡོད་ཚན་པས་ལོ་གསར་གཏོང་དགོས་ཞེས་ས་གནས་མང་ཚོགས་ལ་སློབ་གསོ་བཏང་འདུག་ཀྱང་། མི་མང་ནས་དེ་ལས་ལྡོག་སྟེ་རྒྱ་མིའི་ལས་བྱེད་ནས་ཞབས་བྲོ་འཁྲབ་པ་སོགས་བོད་མིའི་ཐོག་ཡིད་མ་རངས་པའི་རྣམ་འགྱུར་བསྟན་པར་བོད་མིས་ངོ་རྒོལ་བྱས་ཡོད་པ་དང་།
དེ་བཞིན་ཚེས་ ༢༧ ཉིན་བོད་ནང་དགོང་དྲོའི་ཆུ་ཚོད་ ༩ པའི་གཡས་གཡོན་དུ་སྡེ་དགེ་དགོན་ཆེན་གྱི་དགེ་འདུན་པ་སོགས་ནས་ངོ་རྒོལ་བྱས་པར་བརྟེན། ས་གནས་ཉེན་རྟོག་གིས་མེ་མདའ་བརྒྱབ་པའི་གནས་ཚུལ་བྱུང་ཡོད་ཀྱང་། ད་བར་མི་སྣ་འཆི་རྨས་ཇི་བྱུང་གི་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་མེད་ཀྱང་། འཛིན་བཟུང་བྱས་པའི་ཁྲོད་དགོན་པ་དེའི་གྲྭ་ཚེ་རིང་དབང་ཕྱུག་དང་། ཆུ་དགའ། བཀྲིས་རྡོ་རྗེ། བསོད་ནམས་ནོར་བུ། ཆོས་འབྱོར་དཔལ་ལྡན། གདོང་ཐོག་བཀྲིས་སོགས་ཡིན་འདུག་ཅིང་། ད་ལྟའི་ཆར་ས་གནས་སུ་མི་གྲངས་ཤི་རྨས་ཇི་བྱུང་དང་། འཛིན་བཟུང་བྱས་པའི་མི་སྣའི་མིང་གཞུང་ཞིབ་ཕྲ་དང། དེ་བཞིན་ཐོག་མའི་འབྱུང་རྐྱེན་ཆ་ཚང་ཤེས་རྟོགས་བྱ་རྒྱུར་ས་གནས་སུ་དམ་བསྒྲགས་ཤིན་ཏུ་ཆེན་པོ་བྱེད་བཞིན་ཡོད་སྟབས་ད་ལྟ་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་མེད།