ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༡༠ ཉིན་སྔ་དྲོ་ཨི་ཊ་ལིའི་གྲོང་ཁྱེར་ཝི་ནི་སིའི་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་འབུལ་བཞེས་གྲུབ་རྗེས་ཇར་མན་གྱི་(Germany)གྲོང་ཁྱེར་བྷ་ཌན་བྷ་ཌན་(Baden Baden)དུ་ཆིབས་སྒྱུར་བསྐྱངས་ཏེ་ཕྱི་དྲོ་ཕྱི་ལོ་ ༢༠༠༨ ལོའི་ཇར་མན་གསར་འགོད་པའི་ཆེ་བསྟོད་ཀྱི་བྱ་དགའ་ཆེ་ཤོས་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་གནང་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྷ་ཌན་བྷ་ཌན་གནམ་ཐང་ནས་བཞུགས་གནས་མགྲོན་ཁང་ལ་༸ཞབས་སོར་འཁོད་སྐབས་ཇར་མན་ནང་གནས་སྡོད་བོད་མི་རྣམས་ཀྱིས་གཙོས་པའི་ཇར་མན་མི་རིགས་དང་། སུད་སི། ནོར་ཝེ། ལྷག་པར་དུ་མཛད་སྒོ་དེར་རྟེན་འབྲེལ་ཞུ་སླད་སུད་སི་ནས་བོད་རིགས་ཟློས་གར་བ་ཆེད་བཅར་ཞུས་ཡོད་པ་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀྲིས་རྟེན་འབྲེལ་མཚོན་ཆེད་དུ་གྲོ་སོ་ཕྱེ་མར་འདེགས་འབུལ་ཞུས་པ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་གཞས་སྣ་དང་གླུ་དབྱངས་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཉིན་དེའི་ཕྱེད་ཡོལ་གྲོང་ཁྱེར་བྷ་ཌན་བྷ་ཌན་གྱི་ཚོགས་ཁང་ཆེན་མོའི་ནང་ཇར་མན་གྱི་ལུགས་སྲོལ་བཞིན་ཕྱི་ལོ་ ༢༠༠༩ ལོའི་ཇར་མན་གསར་འགོད་པའི་ཆེ་བསྟོད་བྱ་དགའ་ཆེ་ཤོས་༸གོང་ས་མཆོག་ལ་འབུལ་བཞེས་ཀྱི་མཛད་སྒོ་དབུ་འཛུགས་སྐབས་ཐོག་མར་བོད་རྒྱལ་ཁབ་ཆེན་པའི་རྒྱལ་གླུ་བཏང་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་ཀྱི་གནད་དོན་སྐོར་གྱི་གློག་བརྙན་ཕྱོགས་སྒྲིག་གནང་བ་ཞིག་གཟིགས་འབུལ་ཞུས་ཡོད། དེ་ནས་མི་ཌན་ཀོན་ཌོར་ཚོགས་པའི་ཚོགས་གཙོ་དང་ཧི་སིན་མངའ་སྡེའི་བློན་ཆེན་རྣམ་གཉིས་ནས་གུས་བཀུར་ཆེན་པོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇར་མན་གསར་འགོད་པའི་ཆེ་བསྟོད་བྱ་དགའ་ཆེ་ཤོས་དེ་འབུལ་བཞེས་གནང་ཡོད་པ་རེད། སྐབས་དེར་མི་ཌན་ཀོན་ཌོར་ཚོགས་པའི་ཚོགས་གཙོ་མཆོག་ནས་གསུང་བཤད་གནང་དོན། བོད་མིའི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནས་སྤྱིར་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་ཐབས་དང་ཡང་སྒོས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་མི་ལོ་ ༥༠ རིང་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནར་བརྟེན་པའི་མཛད་བཟང་ལ་ཆེ་བསྟོད་དང་བསྔགས་བརྗོད་ཞུས་ཏེ་ཇར་མན་ཡུལ་གྱི་གསར་འགོད་པའི་ཆེ་བསྟོད་བྱ་དགའ་ཆེ་ཤོས་དེ་བོད་མིའི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་འབུལ་ཐུབ་པ་བྱུང་བར་དགའ་ཚོར་དཔག་མེད་བྱུང་། ཞེས་གསུངས་ཡོད་པ་རེད།
བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་མགོན་པོ་གང་ཉིད་ནས་བཀའ་ཕེབས་དོན། གསར་འགྱུར་བརྒྱུད་ལམ་པས་གནང་བའི་བྱ་དགའ་དེར་དོན་སྙིང་དམིགས་བསལ་ཞིག་ལྡན་ཡོད། མང་གཙོའི་རྒྱལ་ཁབ་ནང་གསར་འགོད་པ་ནི་དགོས་གལ་ཧ་ཅང་ཆེན་པོ་ཞིག་ཡིན། དེ་དག་གིས་མི་མང་རྣམས་ལ་ངེས་པར་དུ་ཤེས་རྟོགས་དགོས་པའི་དྲང་བདེན་གྱི་གནས་ཚུལ་རྣམས་བརྡ་ལན་སྤྲོད་ཀྱི་ཡོད་པ་རེད། ཅེས་བཀའ་སྩལ་བ་དང་ཆབས་ཅིག མགོན་པོ་གང་ཉིད་ཀྱི་སྐུའི་རླབས་ཆེན་གྱི་མཛད་ཁུར་ཁག་གསུམ་སྟེ་སྤྱིར་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་། འཛམ་གླིང་ཆོས་ལུགས་ཕན་ཚུན་མཛའ་མཐུན་མཉམ་གནས་ཡོང་ཐབས། བོད་མི་ཞིག་ཡིན་པའི་ཆ་ནས་བོད་དོན་ཐོག་འགན་འཁྲི་ཡོད་པ་བཅས་བསྐྱར་ཟློས་གནང་བ་དང་འབྲེལ་བོད་དོན་ཐོག་བཀའ་སྩལ་དོན། བོད་ནང་གི་གནས་སྟངས་ནི་དམ་བསྒྲགས་ཤུགས་ཆེའི་འོག་གནས་ཡོད། བོད་ཀྱི་རིག་གཞུང་མི་ཉམས་རྒྱུད་འཛིན་བྱ་རྒྱུ་དེ་ནི་བོད་མི་རིགས་ལ་གལ་གནད་ཆེན་པོ་ཞིག་ཡིན་པ་ཙམ་མ་ཟད། ཨེ་ཤི་ཡའི་མི་མང་ས་ཡ་མང་པོར་ཡང་གལ་གནད་ཆེན་པ་ཞིག་རེད། དེ་ནི་འཛམ་གླིང་ཐོག་གི་ཆོས་ལུགས་གལ་ཆེ་ཤོས་ཤིག་ཡིིན། ཞེས་བཀའ་སྩལ་ཡོད།
ཇར་མན་ཧི་སིན་(Hesse)མངའ་སྡེའི་བློན་ཆེན་སྐུ་ཞབས་རོ་ལན་ཌེ་ཀོ་ཆ་(Roland Koch)མཆོག་གི་བསྔགས་བརྗོད་ཀྱི་གསུང་བཤད་ནང་། བོད་མིའི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཉིད་ནི་འཛམ་གླིང་འདི་དང་རྒྱལ་རབས་ལོ་རྒྱུས་ནང་དམིགས་བསལ་ཅན་གྱི་མི་སྣ་གལ་ཆེ་ཞིག་རེད། སྐུ་ཉིད་ཀྱིས་འཛམ་གླིང་གི་མི་མང་རྣམས་བོད་མིའི་ལས་དབང་དང་བོད་ཀྱི་འཚེ་མེད་ཞི་བའི་ཐབས་ལམ་དེར་དོ་སྣང་ཤུགས་ཆེ་སླེབས་ཐུབ་པ་ཞིག་བཟོས་གནང་ཐུབ་ཡོད། ཡང་ཁོང་ནས་གསུང་དོན། འདས་པའི་ཟླ་བ་བཅུ་གཉིས་དེའི་ནང་རྒྱ་གཞུང་ནས་ལྷ་སའི་ཐོག་བརྩེགས་ཅན་གྱི་ཁང་པའི་ནང་མེ་མདའ་འཕེན་མཁན་བཞག་ཡོད་པ་མ་ཟད། ལྷ་སའི་ནང་ལག་ཏུ་མེ་མདའ་འཁྱེར་ཏེ་སྒྲིག་ཆས་གྱོན་པའི་བདེ་འཇགས་མི་སྣ་མང་པོ་ཞིག་ཀྱང་བཞག་ཡོད། ཡིན་ནའང་ང་ཚོར་གནད་དོན་དེ་དང་འབྲེལ་བའི་འདྲ་པར་གཅིག་ཀྱང་མེད་པ་རེད། གང་ཡིན་ཟེར་ན་རྒྱ་གཞུང་གིས་བོད་ལ་གསར་འགོད་པ་བསྐྱོད་རྒྱུར་སྒོ་བརྒྱབ་ཡོད་པར་བརྟེན་འདྲ་པར་རག་ཐབས་མེད་པ་ཞིག་རེད། ཅེས་ཞུས་ཡོད་པ་རེད།
ཧི་སིན་མངའ་སྡེའི་བློན་ཆེན་སྐུ་ཞབས་རོ་ལན་ཌེ་ཀོ་ཆ་མཆོག་ནི་༸གོང་ས་མཆོག་དང་ལོ་ངོ་ ༢༠ རིང་ཐུགས་ཉེའི་གྲོགས་པོ་ཞིག་དང་ཁོང་ནི་ཇར་མན་ནང་གི་སྲིད་དོན་པ་བགྲེས་པའི་གྲས་ཤིག་ཀྱང་ཡིན་པ་རེད།
ཇར་མན་གྱི་གསར་འགྱུར་བརྒྱུད་ལམ་ནས་བྱ་དགའ་འབུལ་རྒྱུ་དེ་ཕྱི་ལོ་ ༡༩༩༢ ལོར་དབུ་འཛུགས་གནང་བ་ཞིག་དང་། ཡུལ་ལུང་དང་མི་རིགས་སོགས་ཀྱི་ཕྱོགས་ལྷུང་གང་ཡང་མེད་པར་ལོ་ལྟར་རྒྱལ་སྤྱིའི་ཐུགས་ཁུར་ལྡན་པའི་གྲགས་ཅན་གྱི་མི་སྣ་དག་ལ་བྱ་དགའ་དེ་འབུལ་སྲོལ་ཡོད་པ་ཞིག་ཡིན་འདུག ཐེངས་འདིའི་ཆེ་བསྟོད་ཀྱི་བྱ་དགའ་དེ་ནི་ཇར་མན་ནང་གི་གསར་འགོད་རྩོམ་སྒྲིག་པ་ ༢༠ ཡོད་པའི་དཔྱད་ཞིབ་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་རྒྱུའི་འོས་འདེམས་ཀྱི་ཐོག་ནས་མོས་མཐུན་བྱུང་བ་ཞིག་ཡིན་འདུག
ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ཡུ་རོབ་ཀྱི་ཡུལ་གྲུ་ཨི་ཊ་ལིའི་དང་ཇར་མི་ནི་ཁག་གཉིས་ནང་མཛད་འཕྲིན་ཁག་ཡོངས་སུ་ལེགས་གྲུབ་ཟིན་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༢ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ས་གནས་ལྡི་ལི་གསར་པར་ཆིབས་ཞལ་བསྒྱུར་གནང་ཡོད་པ་བཅས།།