ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། རྒྱ་གར་གྱི་མངའ་སྡེ་མ་ཌེ་པར་ཌེ་ཤི་མངའ་ཁུལ་གྱི་རྒྱལ་ས་བྷོ་སྤལ་ཁུལ་དུ་གནས་སྡོད་རྒྱ་གར་གྱི་སྨན་པ་མཧེཤ་ཡ་རྡ་བ་དང་ཁོང་གི་ཕྱག་རོགས་གཅིག་ནས་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་ཐད་གོ་རྟོགས་སྤེལ་ཐབས་སུ་སྣུམ་འཁོར་བརྒྱུད་སྐོར་བསྐྱོད་བྱས་ཏེ་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༢ ཚེས་ ༢ ཉིན་ཀུ་ལུ་མ་ཌྷ་ལིར་འབྱོར་སྐབས་ས་གནས་འགོ་འཛིན་ལས་ཁུངས་དང་།ས་གནས་འཐུས་མི་དང་ཚོང་པའི་བདེ་དོན་ཚོགས་པ། གཞན་ཡང་སློབ་གྲྭ་ཁག སྡེ་ཚན་ཁག་བཅས་ནས་ཁོང་ལ་སྣེ་ལེན་དང་གསོལ་སྟོན་སོགས་གོ་སྒྲིག་འཐུས་ཚང་ཞུས་ཡོད་འདུག
ཉིན་དེའི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཙམ་ལ་ཁོང་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཡུལ་མི་ཁག་ཅིག་དང་། ས་གནས་འགོ་འཛིན། སྡེ་ཚན་ཁག་གི་ལས་སྣེ་བཅས་གདན་ཞུས་ཀྱིས་གསར་འགོད་གསལ་བསྒྲགས་གནང་བ་དང་ཆབས་ཅིག་ཁོང་གི་ཕྱག་གཡོན་མ་ནས་ཟུངས་ཁྲག་གཙགས་ཏེ་རྒྱ་གར་གྱི་སྲིད་འཛིན་དང་། སྲིད་བློན་རྣམ་གཉིས་ཀྱི་མཚན་ཐོག་ཏུ་སྙན་ཞུ་དོན་ཚན་ ༥ ཅན་ཞིག་བྲིས་ཏེ་ཕུལ་བའི་ནང་འཁོད་དོན། བོད་དེ་སྲུང་སྐྱོབ་ཐུབ་པ་བྱུང་ན་རྒྱ་གར་ཙམ་མ་ཡིན་པར་སྤྱིར་ཤར་གླིང་ཨེ་ཤི་ཡའི་གླིང་ཕྲན་ཁག་སྲུང་སྐྱོབ་ཐུབ་པ་དང་། སྒོས་སུ་དྲང་བདེན་དང་ཞི་བདེར་དགའ་བའི་འཛམ་གླིང་མི་མང་ཡོངས་ནས་བོད་དེ་སྲུང་སྐྱོབ་བྱ་རྒྱུ་གལ་ཆེ་ཡིན་སྐོར་སོགས་ཀྱི་སྙན་ཞུའི་ནང་དོན་ཁག་གསར་འགོད་གསལ་བསྒྲགས་གནང་སྟེ་བོད་དོན་རྒྱབ་སྐྱོར་སླད་ཕན་རླབས་རྒྱ་ཆེ་བྱུང་བ་བཅས་ཀྱི་གསར་གནས་སུ།།