ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨིན་གྲུ་ནི་ཤི་ཡ་ (Indonesia)ནས་ཕེབས་པའི་ཆོས་བྱེད་པ་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ཨ་ནན་ཌེ་ཀིར་ཤི་ན་(Anand Krishna)མཆོག་ནས་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༩ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་གནས་མཆོག་ཝ་ར་ཎ་སིར་སངས་རྒྱས་ཀྱི་སྐུ་འདྲ་མི་ཊར་གཉིས་དང་ཕྱེད་ཅན་ཞིག་འབུལ་བཞེས་གནང་ཡོད་པས་མགོན་པོ་
གང་ཉིད་ནས་སྐུ་འདྲ་དེར་རབ་གནས་མཛད་ཡོད་པ་རེད། སྐུ་འདྲར་རབ་གནས་མཛད་གྲུབ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཞུ་བ་ཚོར་བཀའ་སློབ་ཕེབས་དོན། དེ་རིང་འདི་གར་ཨིན་གྲུ་ནི་ཤི་ཡ་ནས་ཡིན་པའི་ཆོས་གྲོགས་བོད་དོན་ལ་དོ་སྣང་གནང་མཁན་སྐུ་ཞབས་ཨ་ནན་ཌེ་ཀིར་ཤི་ན་མཆོག་གིས་སངས་རྒྱས་ཀྱི་སྐུ་འདྲ་ཞིག་གདན་ཞུ་གནང་བར་ངོས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་ཕེབས་པ་དང་འབྲེལ་བོད་དང་ཨིན་གྲུ་ནི་ཤི་ཡ་གཉིེས་དབར་གྱི་ཆོས་འབྲེལ་བཟང་པོ་ཡོད་པའི་སྐོར་ལ་བཀའ་སྩལ་དོན། བསྟན་པ་ཕྱི་དར་སྐབས་མངའ་རིས་ཆོས་རྒྱལ་གྱིས་བསྐུལ་མ་མཛད་པ་བཞིན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤཱ་བོད་དུ་ཕེབས་ཏེ་བྱང་ཆུབ་ལམ་སྒྲོན་མཛད་པ་རེད། ཇོ་བོ་རྗེར་བླ་མ་མང་པོ་ཡོད་པའི་ནང་ནས་བླ་མ་གཙོ་བོ་ནི་གསེར་གླིང་པ་ཡིན་ཞིང་། ཁོང་ནི་ཨིན་གྲུ་ནི་ཤི་ཡ་ནས་ཕེབས་པ་ཞིག་ཡིན་པས་ང་ཚོ་དང་ཨིན་གྲུ་ནི་ཤི་ཡ་གཉིས་སྔོན་མ་ནས་འབྲེལ་བ་ཆགས་ཡོད། ཅེས་བཀའ་ཕེབས་ཡོད་པ་རེད། ཆོས་བྱེད་པ་ཨ་ནན་ཌེ་ཀིར་ཤི་ནས་གདན་འདྲེན་ཞུས་པའི་སངས་རྒྱས་ཀྱི་སྐུ་འདྲ་དེ་ཝ་ཎ་བོད་ཀྱི་མཐོ་སློབ་ནང་གཏན་འཇོག་གནང་རྒྱུ་ཡིན་པ་དང་། སྐུ་འདྲ་དེ་ནི་དུས་རབས་དགུ་པའི་ནང་ཨིན་གྲུ་ནི་ཤི་ཡའི་ནང་ཡོད་འཛམ་གླིང་ནང་གི་ནང་པའི་ལྷ་ཁང་ཆེ་ཤོས་བྷོ་རོ་བྷུ་ཌུར་ལྷ་ཁང་(Borobudur Temple)བཞེངས་པའི་རྡོ་དང་རྒྱུ་རྟེན་གཅིག་མཚུངས་ཡིན་པ་རེད། སངས་རྒྱས་ཀྱི་སྐུ་འདྲ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་དོན་གཙོ་བོ་ནི་ཨིན་གྲུ་ནི་ཤི་ཡ་དང་བོད་མི་རིགས་ཀྱི་དབར་ལ་ཆོས་འབྲེལ་ཟབ་ཅིང་བཟང་པོ་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་བོད་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་གནང་བར་རྒྱབ་སྐྱོར་མཚོན་ཆེད་ལེགས་སྐྱེས་སུ་ཕུལ་བ་ཞིག་ཡིན་འདུག ཆོས་བྱེད་པ་ཨ་ནན་ཌེ་ཀིར་ཤི་ན་མཆོག་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། བོད་མིའི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་མི་རིགས་ཀྱི་ཤུལ་བཞག་རིག་གཞུང་སྲུང་སྐྱོབ་བྱེད་སླད་འཚེ་མེད་ཞི་བའི་ཐོག་ནས་བོད་ཀྱི་བདེན་མཐའ་གསལ་ཐབས་དེ་ཡང་གཞི་རྩ་བཟོད་སྒོམ་དང་གུས་ཞབས་ཐོག་ནས་རྩོད་ལེན་གནང་བ་དེར་ངས་ཨིན་གྲུ་ནི་ཤི་ཡའི་མི་རིགས་ཡོངས་ཀྱི་ཚབ་ཞུས་ཏེ་གུས་འདུད་ཞུ་རྒྱུ་ཡིན། ཞེས་བཀོད་ཡོད། ཆོས་བྱེད་པ་ཨ་ནན་ཌེ་ཀིར་ཤི་ན་མཆོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཕྱི་ལོ་ ༡༩༩༦ ལོར་མཇལ་ཁ་ཞུ་རྒྱུའི་ཐོག་མའི་གོ་སྐབས་ཐོབ་ཡོད་པ་དང་ཁོང་གིས་ཀིར་ཤི་ན་ཐེབས་རྩ་ཞེས་པ་ཞིག་བཙུགས་ཡོད་པ་མ་ཟད། ད་བར་དཔེ་དེབ་གྲངས་ ༡༢༠ ཙམ་བརྩམས་མྱོང་མཁན་གྱི་མཁས་དབང་ཞིག་ཀྱང་ཡིན་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་སྩོལ་བཞིན་པའི་སྐབས་སུ་བོད་ནང་པགས་རིགས་སོགས་བེད་སྤྱོད་མཁན་ཉུང་དུ་འགྲོ་ཡོད་པར་བསྔགས་བརྗོད་ཀྱང་སྩལ་ཡོད་འདུག