ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༦ རེས་གཟའ་མིག་དམར།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་ཧྲག་བསྡུས་དང་བཅས་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༦ སྔ་དྲོ་བཞུགས་སྒར་རྡ་ས་ནས་ཆིབས་སྒྱུར་བསྐྱངས་ཏེ་གུ་ཇ་ར་ཊ་ (Gujarat) མངའ་སྡེའི་བྷ་ཝན་གྷར་རྫོང་ (Bhavnagar District) ནང་ཡོད་ཀེ་ལ་ཤ་གུ་རུ་ཀུལ་(Kailash Gurukul) དུ་ཕྱི་ཚེས་ ༦ ནས་ཕྱི་ཚེས་ ༡༡ བར་ཉིན་གྲངས་དྲུག་རིང་འཛམ་གླིང་ཆོས་ལུགས་ཞེས་པའི་བརྗོད་གཞིའི་ཐོག་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་དབུ་འབྱེད་བཀའ་དྲིན་བསྐྱངས་ཡོད། ལྷན་ཚོགས་དེ་སྐུ་ཞབས་ཤི་རི་རམ་ཀ་ཐའ་ཀར་མོ་ར་རི་བྷ་བུ་(Shri Ram Kathakar Morari Babu) ནས་འཛམ་གླིང་གི་ཆོས་ལུགས་ཕན་ཚུན་མཛའ་མཐུན་མཉམ་གནས་ཡོང་བའི་ལམ་བུ་ཞིག་རྙེད་སླད་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། ལྷན་ཚོགས་དེའི་ནང་ཆོས་ལུགས་འདྲ་མིན་ཁག་གི་སྐུ་ཚབ་དང་མཁས་དབང་ཁག་ལྷན་ཞུགས་གནང་ཡོད་པ་དང་། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཀྱང་ལྷན་ཚོགས་དེའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག ལྷན་ཚོགས་དེའི་དབུ་འབྱེད་གྲུབ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་ཝ་ར་ཌྷ་སིར་ཆིབས་ཞལ་བསྒྱུར་ཏེ་ཕྱི་ཟླ་ ༡ ཚེས་ ༨ ནས་ཚེས་ ༡༤ བར་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ཚོར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པའི་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ་ཡིན་འདུག དེ་ནས་ཕྱི་ཚེས་ ༡༥ ཉིན་ཝ་ར་ཌྷ་སིར་ནང་པ་དང་ནང་པ་མ་ཡིན་པའི་དབར་གྱི་གྲོས་མོལ་ཞིག་གཙོ་སྐྱོང་གནང་རྒྱུ་དང་། ཕྱི་ཚེས་ ༡༦ ཉིན་ནང་ཆོས་དང་ཚན་རིག་དབར་འབྲེལ་བ་གང་ཡོད་སྐོར་གྱི་རྒྱལ་སྤྱིའི་ཚོགས་འདུ་ཞིག་དབུ་འབྱེད་གནང་སྟེ་གནས་མཆོག་ཝ་ར་ཌྷ་སི་ནས་ལྡི་ལིར་ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག ཕྱི་ཚེས་ ༡༧ ཉིན་ལྡི་ལིར་འཛའ་མི་ཡ་གཙུག་ལག་སློབ་གཉེར་ཁང་དུ་དགུ་པའི་བཅུ་གཅིག་རྗེས་ཀྱི་འཛམ་གླིང་ཆོས་ལུགས་ཞེས་པའི་ཚོགས་ཆེན་དུ་ལྷན་ཞུགས་ཀྱིས་བཀའ་སློབ་བསྩལ་རྒྱུ་དང་། ཕྱི་ཚེས་ ༢༠ ཉིན་ལྡི་ལི་ནས་ཨོ་རུ་ཝི་ལར་(Aurovilla)ཆིབས་ཞལ་བསྒྱུར་ཏེ་དེ་གར་བོད་ཁང་ཞེས་པ་ཞིག་དབུ་འབྱེད་བཀའ་དྲིན་བསྐྱང་རྒྱུ་དང་དེ་གྲུབ་རྗེས་ཨོ་རུཝི་ལཱའི་མི་མང་ལ་བཀའ་སློབ་བསྩལ་རྒྱུ་ཡིན་འདུག ཕྱི་ཚེས་ ༢༡ ཉིན་ཨོ་རུཝ་ི་ལ་ནས་ཆིན་ནལ་དུ་(Chennai)ཆིབས་སྒྱུར་བསྐྱང་སྟེ་མ་རྡ་ར་སིེ་གཙུག་ལག་སློབ་གཉེར་ཁང་(University of Madras)གི་སློབ་ཕྲུག་ཚོར་བཀའ་སློབ་བསྩལ་རྒྱུ་དང་དྲི་བ་ཁག་ལ་བཀའ་ལན་གནང་རྒྱུ་ཡིན་ཞིང་ཕྱི་ཚེས་ ༢༢ ཉིན་ཆིན་ནལ་ནས་ལྡི་ལི་དང་དེ་ནས་བཞུགས་སྒར་རྡ་སར་༸ཞབས་སོར་འཁོད་རྒྱུ་བཅས་ཀྱི་གནས་ཚུལ་དུ།།