ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །འདི་གར་གནས་ཚུལ་འབྱོར་བར་གཞིགས་ན། ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༠ ཉིན་བོད་ནང་གི་ཆུ་ཚོད་ ༢།༣ ཙམ་དུ་ཁམས་རྫོང་སྒང་རྫོང་དུ་བོད་མི་ཕོ་གཞོན་ཁག་གཅིག་ནས་རྫོང་ཉེ་ཁུལ་དུ་སྐད་འབོད་བྱས་པའི་གནས་ཚུལ་ཐོན་འདུག གནས་ཚུལ་ཐོན་རྗེས་བོད་མ་ལྔ་འཛིན་བཟུང་བྱས་ཡོད་པ་དང་། དེ་དག་ནི། འཕྲིན་ལས་རྒྱ་མཚོ་འམ་འཕྲིན་ལས་དངོས་གྲུབ་དང་། བུ་དབང་དར་རྒྱས། ནོར་བུ་བཀྲིས། པལྨ་ཚེ་དཔག མགོན་པོ་དགྲ་འདུལ་སོགས་འཛིན་བཟུང་བྱས་འདུག་པ་དང་། གོང་གསལ་བོད་མི་རྣམས་འཛིན་བཟུང་བྱས་རྗེས་བདེ་ཆོས་སྒྲོལ་མ་ཞེས་པའི་བུད་མེད་ཅིག་ཀྱང་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག གནས་ཚུལ་ཡོང་ཁུངས་ནས་འགྲེལ་བརྗོད་བྱས་པར་གཞིགས་ན། མཛ་སྒང་རྫོང་ཁོངས་སུ་ཉེ་དུས་རྫོང་འབྲེལ་ཡོད་ཚན་པས་དགོན་སྡེ་ཁག་དང་ས་གནས་མང་ཚོགས་ཁྲོད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་པ་དེར་ས་གནས་མང་ཚོགས་ནས་འདོད་མོས་མེད་པའི་རྣམ་འགྱུར་ཤུགས་ཆེ་བཏོན་བཞིན་ཡོད་པ་དང་། དེ་མཚུངས་ཉེ་དུས་མཛོ་སྒང་རྫོང་དབུ་ཡག་ཤང་སྤུན་ཟླ་ཨོ་དགའ་གྲོལ་ཁུལ་དུའང་སློབ་གསོའི་ལས་འགུལ་སྤེལ་བའི་གནས་ཚུལ་སོགས་ལ་བརྟེན་མི་མང་ནས་འདོད་མོས་མེད་པའི་རྣམ་འགྱུར་ཇེ་ཆེར་ཐོན་ཡོད་འདུག ལྷག་པར་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༠ ཉིན་གོང་གསལ་ཕོ་གཞོན་དེ་དག་གིས་སྤན་ཟླ་གྲོང་ཉེ་ཁུལ་ནས་རྫོང་བར་ལག་ཏུ་བོད་ཀྱི་རྒྱལ་དར་བྲིས་མ་སོགས་འཁྱེར་ཏེ་ངོ་རྒོལ་སྐད་འབོད་བྱ་བཞིན་འགྲོ་སྐབས་ལམ་བར་དུ་རྫོང་སྤྱི་བདེ་མི་སྣས་བཀག་འགོག་བྱས་ཏེ་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་པ་མ་ཟད། ད་ཆ་ས་གནས་སུ་དྲག་ཆས་དམག་མིའི་རླང་འཁོར་དེ་འདྲ་སླེབས་ཏེ་དམ་བསྒྲགས་ཆེན་པོ་བྱ་བཞིན་ཡོད་འདུག་ཀྱང་། ཕྱི་ཟླ་ ༡ ཚེས་ ༢༡ ཉིན་གྱི་དགོང་དྲོ་སྤན་ཟླ་ཨོ་དགའ་གྲོང་ཚོའི་བུད་མེད་ཁག་གཅིག་ནས་ཁ་གཅིག་མཐུན་གྱིས་རྫོང་འབྲེལ་ཡོད་ལས་ཁུངས་སུ་གོང་གསལ་འཛིན་བཟུང་བྱས་ཟིན་པའི་གྲོང་དེ་གའི་ཕོ་གཞོན་དེ་དག་གློད་བཀྲོལ་དགོས་པའི་དགོས་དོན་བཏོན་བར་འགྲོ་སྐབས་རྫོང་སྤྱི་བདེའི་མི་སྣ་དང་དྲག་ཆས་ཉེན་རྟོག་པས་ལམ་བར་དུ་བཀག་འགོག་བྱས་པའི་གནས་ཚུལ་ཐོན་འདུག གོང་གསལ་འཛིན་བཟུང་དུ་ཚུད་པའི་ཕོ་གཞོན་དེ་དག་ཁྲོད་ནས་མི་གསུམ་ནི་རྒྱུན་གཏན་རི་མོ་འབྲི་མཁན་གྱི་ལག་ཤེས་མི་སྣ་ཡིན་པའི་གནས་ཚུལ་འདུག་ལ། ད་ཆ་ས་གནས་དེར་དམ་བསྒྲགས་ཤིན་ཏུ་ཆེན་པོ་བྱེད་བཞིན་ཡོད་པར་བརྟེན་ཞིབ་ཕྲའི་གནས་ཚུལ་ཁ་གསལ་ད་ལྟ་ཤེས་རྟོག་ཐུབ་རྒྱུར་དཀའ་ངལ་ཡོད་བཞིན་པ་རེད་འདུག །