ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༡༧ རེས་གཟའ་སྤེན་པ།
༄༅། །བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་རྩོམ་འབྲིའི་ནུས་རྩལ་ཡར་རྒྱས་གཏོང་ཆེད། ཤེས་རིག་ལས་ཁུངས་ནས་རྒྱལ་ཡོངས་འབྲིང་རིམ་སློབ་མའི་ཕུལ་བྱུང་རྩོམ་ཡིག་འདེམས་སྒྲུག་གི་ལས་གཞི་སྤེལ་ཏེ། ཕྱི་ལོ་ ༢༠༠༨ ཟླ ༡༠ ཚེས་ ༣༡ ཉིན་གཏན་ཉིན་སློབ་གྲྭ་ཡོངས་ཀྱི་འཛིན་གྲྭ་དྲུག་པ་ཡན་གྱི་སློབ་མ་རྣམས་ཀྱི་ནང་ནས་རྩོམ་ཡིག་རྩེ་ཕུད་གསུམ་རེ་འདེམས་སྒྲུག་གིས་ཤེས་ལས་སུ་ཕུལ་ཡོད། ཤེས་ལས་སུ་འབྱོར་བའི་རྩོམ་ཡིག་རྣམས་ཆེད་ལས་མཁས་པས་འདེམས་སྒྲུག་གིས་འཛིན་རིམ་སོ་སོའི་ཨང་དང་པོར་བྱ་དགའ་སྒོར་ ༢༠༠༠ དང་། ཨང་གཉིས་པར་སྒོར་ ༡༥༠༠། ཨང་གསུམ་པར་སྒོར་ ༡༠༠༠ བཅས་ཀྱི་བྱ་དགའ་གསོལ་རས་སུ་གནང་ཡོད། འདེམས་སྒྲུག་བྱུང་བའི་ཕུལ་བྱུང་རྩོམ་ཡིག་རྣམས་ཤེས་རིག་ལས་ཁུངས་ཀྱིས་འདོན་སྤེལ་གནང་བཞིན་པའི་སྨྱུག་གསར་ཞེས་པའི་ལོ་རེའི་དུས་དེབ་ནང་ཕྱོགས་བསྒྲིགས་ཀྱིས་དཔར་སྐྲུན་གནང་རྒྱུ་ཡིན་འདུག །