ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཌོག་ཊར་ཨེ་པི་ཇེ་ཨབ་དུལ་ཀ་ལམ་(Dr.APJ Abdul Kalam)མཆོག་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢ ཉིན་སྐུའི་ཕོ་བྲང་དུ་མཇལ་འཕྲད་གནང་ཡོད་པ་རེད། རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨབ་དུལ་ཀ་ལམ་མཆོག་ལྡི་ལི་ནས་ཧི་མ་ཅལ་མངའ་སྡེའི་ནང་ཡོད་ཧ་མིར་པུར་(Hamirpur)དུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་འཕྲུལ་རིགས་སློབ་གཉེར་ཁང་(National Institute of Technology) ནས་གདན་ཞུ་གནང་བ་ལྟར་བགྲོ་གླེང་དུ་གསུང་བཤད་གནང་བར་གྷ་གལ་གནམ་ཐང་བརྒྱུད་ཕེབས་ཐོན་གནང་གི་ཡོད་སྟབས་བར་ལམ་༸གོང་ས་
༸སྐྱབས་མགོན་ཆེན་པོ་མཆོག་དང་ཡུན་རིང་མཇལ་འཕྲད་གནང་རྒྱུ་མ་བྱུང་བར་བརྟེན་དུས་སྐབས་དེ་དང་བསྟུན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་ཡོད། དེ་ཡང་དེ་ཉིན་ཕྱེད་ཡོལ་ཆུ་ཚོད་ ༣ ཙམ་ལ་རྒྱ་གར་གྱི་སྲིད་འཛིན་ཟུར་པ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་གྷ་གལ་གནམ་ཐང་དུ་ཕེབས་འབྱོར་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྷ་གལ་གནམ་ཐང་དུ་ཆིབས་སྒྱུར་བསྐྱངས་ཏེ་ཕེབས་བསུ་གནང་བ་དང་འབྲེལ་གནམ་ཐང་གི་མཇལ་འཕྲད་ཁང་དུ་ཕན་ཚུན་འཚམས་འདྲི་ཞུས་གནང་གྲུབ་རྗེས་ལྷན་དུ་ཆིབས་འགྲོ་གཅིག་གི་ནང་བཞུགས་སྒར་ཕོ་བྲང་དུ་ཆིབས་སྒྱུར་གྱིས་༸ཞབས་སོར་འཁོད་སྐབས་བོད་མི་སེར་སྐྱ་མི་མང་དང་ཕྱི་རྒྱལ་མི་རིགས་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨབ་དུལ་ཀ་ལམ་མཆོག་རྣམ་གཉིས་བཞུགས་སྒར་ཕོ་བྲང་དུ་མཇལ་འཕྲད་དུས་ཡུན་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་གནང་རྗེས་སྲིད་འཛིན་ཟུར་པ་མཆོག་ཧ་མིར་པུར་དུ་ཕེབས་ཐོན་གནང་ཡོད་པ་རེད། ཐེངས་འདིར་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཀྱང་ཕེབས་བསུར་བཅར་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།