ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །རྒྱ་གར་མང་གཙོའི་རྒྱལ་ཁབ་ཀྱི་ཞབས་སྟེགས་བརྒྱད་པའི་སྲིད་འཛིན་ཟུར་པ་ (R.Venkataraman) མཆོག་དགོངས་རྫོགས་ཀྱི་ཡིད་སྐྱོའི་གནས་ཚུལ་དཔལ་ལྡན་བཀའ་ཤག་ནས་གསན་ཐོས་བྱུང་འཕྲལ་དབུས་གཞུང་གི་ལས་ཁུངས་ཁག་གི་ལས་བྱེད་རྣམས་གངས་སྐྱིད་ལས་བྱེད་གསོལ་ཚིགས་ཁང་གི་ཡང་སྟེང་ཚོགས་ཁང་དུ་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གི་དབུས་བཀའ་བློན་རྣམ་པ་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ། གཞུང་ཞབས་འདེམས་ལྷན་དང་འོས་བསྡུའི་འགན་འཛིན་གཅིག་ལྕོགས། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་བཅས་ལས་བྱེད་ཆེ་ཕྲ་ཆུང་གསུམ་ལྷན་འཛོམས་གནང་བའི་ཐོག་མར་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་གསུང་བཤད་གནང་དོན།
ཚང་མས་མཁྱེན་གསལ་བཞིན། རྒྱ་གར་གྱི་སྲིད་འཛིན་ཟུར་པ་(R.Venkataraman)མཆོག་ནི་བདག་ཉིད་ཆེན་པོ་གྷན་རྡི་དང་ལྷན་དུ་རྒྱ་གར་གྱི་རང་བཙན་རྩོད་སྒྲུབ་བྱེད་པའི་སྐབས་ནས་ཆ་ཤས་ཤུགས་ཆེ་ལེན་མཁན་གྱི་རང་བཙན་རྩོད་ལེན་པ་ཞིག་ཡིན་པ་ཙམ་དུ་མ་ཟད། རྒྱ་གར་ལ་རང་བཙན་ཐོབ་རྗེས་གྲོས་ཚོགས་དང་བློན་ཆེན་སོགས་ཀྱི་ལས་འཁུར་སྣ་ཚོགས་བཞེས་རྗེས་མཐའ་མ་སྲིད་འཛིན་གྱི་ཐུགས་འགན་ལོ་གྲངས་ཆ་ཚང་བཞེས་མྱོང་མཁན་གྱི་མི་སྣ་གྲགས་ཅན་ཞིག་ཡིན། ལྷག་པར་དུ་བཙན་བྱོལ་བོད་མི་དང་མཉམ་དུ་ཧ་ཅང་གི་འབྲེལ་བ་ཆེན་པོ་ཡོད་པ་ཙམ་དུ་མ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོར་བླ་ན་མེད་པའི་དད་འདུན་ཞུ་མཁན་རྒྱ་གར་གྱི་དབུ་ཁྲིད་ཅིག་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་སྐབས་རྒྱ་གར་གཞུང་གི་གནས་སྟངས་ད་ལྟ་དང་མི་འདྲ་བར་རྒྱ་ནག་གཞུང་ལ་འཛེམས་ཟོན་བྱེད་དགོས་པའི་དུས་སྐབས་ཤིག་རེད། ཡིན་ནའང་རྒྱ་གར་གཞུང་ནས་གཞུང་འབྲེལ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བསུ་འཚམས་འདྲི་ཞུ་རྒྱུ་དཀའ་ངལ་ཡོད་པའི་སྐབས་དེར་ཁོ་རང་སྲིད་འཛིན་ལས་ཐོག་ཡིན་སྟབས་སྲིད་འཛིན་ཕོ་བྲང་དུ་༸གོང་ས་མཆོག་གསོལ་སྟོན་ལ་གདན་ཞུའི་མཛད་འཆར་ཡང་བཟོས་གནང་ཡོད། ཁོང་ལོ་ལྔ་སྲིད་འཛིན་གནང་རིང་སྲིད་བློོན་བཞི་ཙམ་གྱུར་བ་ཕྱིན་ཏེ་སྲིད་གཞུང་བརྟན་པོ་མེད་པའི་སྐབས་ཤིག་ཡང་འཁེལ་ཡོད། དེར་བརྟེན་༸གོང་ས་མཆོག་སྲིད་འཛིན་ཕོ་བྲང་དུ་གདན་ཞུ་གནང་སྐབས་སྐུ་མགྲོན་ཞལ་གྲངས་ཧ་ཅང་ཉུང་ཡང་མགྲོན་ཤོག་ནང་༸གོང་ས་མཆོག་ལ་གུས་འདུད་ཞུ་རྒྱུའི་གསོལ་ཚིགས་ཡིན་ཞེས་བྲིས་མ་ཐུབ་པར་དམིགས་བསལ་སྐུ་མགྲོན་ཁྱད་པར་ཅན་ཞིག་གི་ཆེད་དུ་ཉིན་གུང་གསོལ་ཚིགས་སུ་ཕེབས་རོགས་ཞེས་མགྲོན་ཤོག་བཏང་གནང་ཡོད་པ་རེད། སྲིད་འཛིན་ཟུར་པ་གནང་རྗེས་བོད་དོན་ཐོག་ཆོས་དང་རིག་གཞུང་བཅས་འབྲེལ་བའི་མཛད་སྒོ་མང་པོའི་ནང་མཉམ་ཞུགས་གནང་བ་སོགས་ཀྱི་ལོ་རྒྱུས་སྙིང་བསྡུས་གསལ་བཤད་གནང་རྗེས་དམ་པ་དེ་ཉིད་ཀྱི་བཀའ་དྲིན་རྗེས་དྲན་སླད་དབུས་ལས་ཁུངས་ཁག་གི་ལས་བྱེད་ཚང་མས་སྐུ་བཞེངས་ཐོག་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས་རྗེས་མཆོག་གསུམ་ལ་གསོལ་འདེབས་བཅས་གནང་བ་དང་མྱ་ངན་མཚོན་ཆེད་ཉིན་ཕྱེད་ནས་ལས་ཁུངས་ཁག་སྒོ་བརྒྱབ་པའི་གནས་ཚུལ་དུ།།