ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་དགུན་དུས་ཀྱི་གྲོས་ཚོགས་ Tapovan ས་ཁུལ་དུ་སྐོང་ཚོགས་གནང་བའི་ཉིན་གྲངས་མཐའ་མའི་གྲོས་ཚོགས་འཚོག་དུས་སྐབས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་གནང་བ་ལྟར། ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༡༢ ཚེས་ ༡༦ སྔ་དྲོ་ཆུ་ཚོད་ ༡༡ པའི་ཐོག་ཕོ་བྲང་ནས་ Tapovan ས་ཁུལ་དུ་ཆིབས་སྒྱུར་བསྐྱངས་སྐབས་མངའ་སྡེའི་བློན་ཆེན་དང་། གྲོས་ཚོགས་ཀྱི་ཚོགས་གཙོ། ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་བཅས་ནས་ཕེབས་བསུ་ཞུས་ཏེ་གྲོས་ཚོགས་ནང་༸ཞབས་སོར་འཁོད་དེ་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་མི་ཡོངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་སྟོན་འདེགས་འབུལ་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་ཤོད་ཀ་ཅ་རི་རྩེད་ཐང་དུ་ཆིབས་ཞལ་བསྒྱུར་གནང་སྟེ་རྒྱ་གར་ཧི་མ་ཅལ་མངའ་གཞུང་གི་བློན་ཆེན་ཕྱོགས་ཁག་དང་། མངའ་སྡེའི་སྤྱི་ཁྱབ་ཕྱོགས་ཁག་གཉིས་དབར་དབྱུག་རྩེད་སྤོ་ལོའི་(Cricket)འགྲན་བསྡུར་དབུ་འབྱེད་དང་རྩེད་འགྲན་པ་རྣམས་ལ་མགོན་པོ་གང་ཉིད་ནས་མཇལ་དར་སྒྲོན་འབུལ་གནང་།
དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་སྟེགས་ཐོག་༸ཞབས་སོར་འཁོད་མཚམས་ཕྱོགས་ཁག་གཉིས་དབར་རྩེད་འགྲན་དངོས་སུ་འགོ་འཛུགས་གནང་སྟེ་༸གོང་ས་མཆོག་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་བཅས་ནས་གཟིགས་མོ་གཟིགས་ཞིབ་གནང་ཡོད་པ་རེད། དེ་རྗེས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཧི་མ་ཅལ་མངའ་གཞུང་གི་གྲོགས་ཚོགས་ཀྱི་ཚོགས་མི་རྣམས་ལ་གསོལ་སྟོན་འདེགས་འབུལ་ཞུས་ཡོད། གསོལ་སྟོན་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། མངའ་སྡེའི་བློན་ཆེན་རྣམ་གཉིས་ནས་གསུང་བཤད་གནང་གྲུབ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་བཀའ་སློབ་བཀའ་དྲིན་བསྐྱངས་ཏེ་བཞུགས་སྒར་ཕོ་བྲང་དུ་ཆིབས་ཞལ་བསྒྱུར་སྐབས་ཕེབས་ཊོ་བར་མངའ་སྡེའི་བློན་ཆེན་མཆོག་ནས་ཆེ་བསྟོད་དང་གུས་བཀུར་མཚོན་ཆེད་ཕེབས་སྐྱེལ་ཞུས་ཡོད་པ་རེད།