ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༥ རེས་གཟའ་པ་སངས།
༄༅། །བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་དེ་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༢༩ ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༡ བར་ཉིན་གྲངས་གསུམ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐོང་ཚོགས་གནང་ཡོད་པ་རེད། ཐེངས་འདིའི་དམིགས་བསལ་ཚོགས་ཆེན་དེ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་(Indian Core Group for Tibetan Cause) ད་ལྟའི་བོད་ནང་གི་ཚབས་ཆེའི་གནས་སྟངས་དང་དེང་གི་རྒྱལ་སྤྱིའི་གནས་སྟངས་ལ་གཞིགས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད། སྐུ་མགྲོན་གཙོ་བོ་
བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་དབུ་འབྱེད་གནང་ཡོད་པ་དང་། དམིགས་བསལ་ཚོགས་ཆེན་དེར་རྒྱལ་ཁབ་འདྲ་མིན་ཁག་ ༣༠ ནས་ཕེབས་པའི་འཐུས་མི་ ༡༠༠ ལྷག་ཙམ་བཅར་བཞུགས་གནང་ཡོད་པ་རེད། ཚོགས་ཆེན་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་དང་། ལྡི་ལི་སྐུ་ཚབ་དོན་གཅོད་དང་བཀའ་བློན་གཅིག་ལྕོགས་བསྟན་པ་ཚེ་རིང་མཆོག སྐུ་ཞབས་ཨན་ཁའི་ཊི་རི་ཁ་(N.K of Trikha Core group for Tibetan Cause-India) དང་། སྐུ་ཞབས་ཝི་ཇའི་ཁ་རན་ཏི་(Co-Convener Vijay Kranti) སོགས་ལྷན་ཞུགས་གནང་ཡོད། དེ་ཡང་དམིགས་བསལ་ཚོགས་ཆེན་དེ་སྐོང་ཚོགས་གནང་དོན་གཙོ་བོ་ནི་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་མི་མང་རྣམས་ལ་ད་ལྟའི་བོད་ནང་གི་གནས་སྟངས་དང་། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༧ ཚེས་ ༢༢ བར་བཞུགས་སྒར་རྡ་སར་ཚོགས་པས་བོད་མིའི་དམིགས་བསལ་ཚོགས་ཆེན་གྱི་གྲུབ་འབྲས་ཇི་ཐོན་འགྲེལ་བརྗོད་གནང་རྒྱུ་དང་། དེ་བཞིན་བོད་དོན་བདེན་མཐའ་བསལ་རྒྱུའི་ཐབས་བྱུས་དང་ལས་འགུལ་དེ་བས་ཤུགས་ཆེ་རུ་བཏང་ནས་བོད་མིའི་ལས་འགུལ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུའི་སླད་དམིགས་བསལ་ཚོགས་ཆེན་དེ་སྐོང་ཚོགས་གནང་བ་ཞིག་ཡིན་འདུག ལྡི་ལི་སྐུ་ཚབ་དོན་གཅོད་དང་བཀའ་བློན་གཅིག་ལྕོགས་བསྟན་པ་ཚེ་རིང་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་དེར་སྩལ་བའི་གསུང་འཕྲིན་སྒྲོག་སྦྱངས་ཞུས་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་ལ་སྩལ་བའི་གསུང་འཕྲིན། ཚོགས་ཆེན་དེའི་ཐོག་བཀའ་བློན་ཁྲི་པ་མཆོག་ནས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དེ་བཙན་བྱོལ་བོད་གཞུང་གིས་ལས་འཆར་བཏོན་ནས་ཆབ་སྲིད་ཀྱི་དམིགས་ཡུལ་ཞིག་གྲུབ་སླད་ལག་ཆ་ལྟ་བུར་བེད་སྤྱད་པ་ཞིག་མ་ཡིན་པར། ཚོགས་མི་རྣམས་ནས་དང་བླངས་ཀྱིས་སོ་སོའི་རྣམ་དཔྱོད་དང་ཐབས་བྱུས་བེད་སྤྱོད་བྱས་ཏེ་ཚོགས་ཆེན་དེ་སྐོང་ཚོགས་གནང་སྟེ་བོད་ཀྱི་གནད་དོན་སེལ་སླད་ཐབས་ལམ་ཞིག་འཚོལ་ཐབས་གནང་གི་ཡོད་པ་རེད། ཅེས་གསུངས་ཡོད། ཚོགས་བཅར་བ་རྣམས་ལ་ཉེ་ཆར་ཚོགས་པའི་བོད་མིའི་དམིགས་བསལ་ཚོགས་ཆེན་དེའི་སྐོར་བཀའ་ཁྲི་མཆོག་ནས་གསུང་དོན། ཚོགས་ཆེན་དེ་འདི་ལོ་ཕྱི་ཟླ་ ༣ ནང་བོད་ནང་གི་བོད་མི་ཚོའི་བློས་བཏང་ལ་ཡ་ལན་ཞིག་སྤྲོད་སླད་ཚོགས་པ་ཞིག་དང་། ང་ཚོ་རང་དབང་ལུང་པའི་ནང་སྡོད་མཁན་ཚོས་སྣང་མེད་དུ་སྡོད་ཐབས་མེད་པ་ཞིག་རེད། ང་ཚོས་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོའི་དཀའ་སྡུག་སེལ་རྒྱུའི་ཐབས་ལམ་ཇི་དགེ་གང་ཡིན་ཐོག་ལ་བསམ་བློ་གཏོང་དགོས་ཀྱི་རེད། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཤིན་ཏུ་མང་པོ་ཞིག་ནས་གཉིས་སྨན་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེ་ཆུ་ཤེལ་ལྟར་ཕྱི་གསལ་ནང་གསལ་ཆགས་ཡོད་པ་རེད། དེ་ནི་བོད་མིའི་དམིགས་བསལ་ཚོགས་ཆེན་སྐབས་སུ་གསལ་པོའི་ངང་ནས་ར་སྤྲོད་ཐུབ་ཡོད་པ་རེད། ཅེས་གསུངས་ཡོད། མཐའ་དོན་བཀའ་ཁྲི་མཆོག་ནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Indian Core Group for Tibetan Cause) ཚོགས་མི་རྣམས་ཀྱིས་འབད་བརྩོན་གནང་སྟེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དེ་སྐོང་ཚོགས་གནང་བར་ཐུགས་རྗེ་ཆེ། ཞེས་ཞུས་ཡོད་པ་རེད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་ནས་ཚོགས་ཆེན་དེའི་ཐོག་དམིགས་བསལ་ཚོགས་ཆེན་གྱི་ངོ་སྤྲོད་རྒྱབ་གཉེར་འགྲེལ་བརྗོད་གནང་ཡོད་པ་རེད། ཁོང་གིས་ཚོགས་ཆེན་དེ་བོད་ཀྱི་རྒྱལ་རབས་ནང་གི་རྡོ་ཚུགས་ཤིག་ཡིན་པའི་འགྲེལ་བརྗོད་གནང་བ་དང་སྦྲགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་བོད་དོན་ཐོག་རྒྱབ་སྐྱོར་གཏན་གནས་ཡོང་བའི་རེ་སྐུལ་ཞུས་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།