ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་ལྷ་སའི་ཞི་རྒོལ་ཁྲོད་ཀྱི་མི་སྣ་འདས་གྲོངས་སུ་གྱུར་བའི་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་གཞིགས་ན། ༡༽ བསོད་ནམས་ཕུན་ཚོགས་ལགས་ནི་སྐྱེས་ཡུལ་སྨར་ཁམས་རྫོང་སྨད་པ་སྡེ་ལྕགས་སོ་སྟེང་པ་ནས་ཡིན་ཞིང་། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༤ ཉིན་བོད་ནང་ཞི་བའི་སྒེར་ལངས་ནང་བཞུགས་རྐྱེན་ཕྱི་ཟླ་ ༣ ཚེས་ ༡༦ དགོང་དྲོ་སྤྱི་བདེ་ཉེན་རྟོག་དམག་མིས་སྡོད་ཁང་དུ་ཡོང་སྟེ་ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བྱས་ཡོད་འདུག ཁོང་འཛིན་བཟུང་སྐབས་རྒྱ་དམག་ནས་ཉེས་རྡུང་ཚད་མེད་གཏོང་སྐབས་བཟའ་ཟླ་ལོང་བ་ཞིག་ཡོད་པ་དེས་མ་རྡུང་ཞེས་ངུ་འབོད་ཀྱི་ཐོག་ནས་ཞུ་བ་བྱས་ཀྱང་དེ་ལས་ལྡོག་སྟེ་རྒྱ་དམག་ཉེན་རྟོག་པས་བཟའ་ཟླའི་མགོ་ལ་དབྱུག་པ་བཞུས་ཏེ་དྲན་མེད་དུ་འགྱེལ་བའི་གནས་ཚུལ་བྱུང་འདུག ཁྱོ་ག་བསོད་ནམས་ཕུན་ཚོགས་བཙོན་འཇུག་དང་ཉེས་རྡུང་བཏང་བའི་སྡུག་བསྔལ་གྱིས་བཟའ་ཟླ་ལོང་བ་དེ་ཡང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག ཁོང་བཟའ་ཟླ་གཉིས་མི་ལོ་ཉི་ཤུ་ལྷག་རིང་ལྷ་ས་རྭ་མོ་ཆེ་གཙུག་ལག་ཁང་གི་སྒོ་འགྲམ་དུ་སློང་མོ་བརྒྱབ་སྟེ་འཚོ་བ་སྐྱེལ་བཞིན་པ་ཀུན་གྱིས་ཤེས་གསལ་ཡིན་ཞིང་། ཕྲུ་གུ་བུ་གཉིས་ཡོད་པ་ཆེ་བ་ལོ་ ༩ དང་ཆུང་བ་ལོ་ ༧ སོན་པ་གཉིས་ད་ལྟ་བདག་མེད་དུ་ལུས་པའི་གནས་ཚུལ་ཐོན་འདུག ༢༽བྱམས་པ་ལྷ་མོ། རང་ལོ་ ༤༥ སྐྱེས་ཡུལ་ཁྱུང་པོ་སྟེང་ཆེན་རྫོང་ཁོངས་ནས་ཡིན་ཅིང་། ལྷ་ས་རྭ་མོ་ཆེ་ཁུལ་གཏན་སྡོད་བྱེད་མུས་ཡིན། ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༣ ཚེས་ ༢༩ ཉིན་ལྷ་ས་ནས་འཛིན་བཟུང་གིས་བཀག་ཉར་བྱེད་རིང་ཉེས་རྡུང་ཚད་མེད་ཕོག་སྟེ་ གློད་བཀྲོལ་སྐབས་གཟུགས་པོ་གཅོང་ཅན་ཏུ་གྱུར་ཏེ་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་བྱུང་བར་ཕྱི་ཟླ་ ༡༡ ནང་ལྷ་སར་ཁོང་གི་ཁྱིམ་དུ་འདས་གྲོངས་སོང་བའི་གནས་ཚུལ་ཐོན་འདུག ༣༽བསྟན་འཛིན་ནོར་བུ། སྐྱེས་ཡུལ་མལ་དྲོ་གུང་དཀར་རྫོང་ཁོངས་ནས་ཡིན་ཅིང་། འདི་ལོར་ལྷ་ས་དང་འཕན་པོ་ཁུལ་སོགས་ནང་ཕྱི་ཟླ་ ༣ པའི་ཞི་རྒོལ་དང་འབྲེལ་བའི་ཐོག་འཛིན་བཟུང་བྱས་ཏེ་འཕན་པོ་ཁུལ་གནས་ལྟ་སྲུང་ཁང་དུ་བཀག་ཉར་བྱེད་རིང་ཉེས་རྡུང་ཚད་མེད་ཕོག་པ་སོགས་ལ་བརྟེན། མཐར་འཕན་པོ་ལྷུན་གྲུབ་རྫོང་འབྲེལ་ཡོད་ཚན་པས་ཕུང་པོ་ནང་མིར་རྩིས་སྤྲོད་བྱས་ཡོད་འདུག་པ་ལས། ཞིབ་ཕྲའི་འཛིན་བཟུང་བྱ་ཡུལ་དང་བཀག་ཉར་བྱེད་ཡུལ་ས་གནས་ཁ་གསལ་ཤེས་རྟོགས་མེད་པའི་གནས་ཚུལ་ཐོན་འདུག ཁོང་ལ་བཟའ་ཟླ་དང་རང་ལོ་ ༧ ནས་ ༡ བར་ཅན་གྱི་ཕྲུ་གུ་གསུམ་ཡང་ཤུལ་དུ་ལུས་ཡོད་འདུག