ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །བོད་གཞུང་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཏེ་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༡༠ ཚེས་ ༡ ནས་འགོ་འཛུགས་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༡ བར་ཆོས་དགེ་གྲངས་ ༡༦ ལ་ས་ར་བོད་ཀྱི་མཐོ་སློབ་ཁང་དུ་ནང་ཆོས་སློབ་ཁྲིད་བྱེད་ཐབས། ཤེས་ཡོན་སྲིད་བྱུས་དང་། འཕྲོད་བསྟེན་གྱི་ཤེས་ཡོན། སློབ་ཁྲིད་ཐབས་ལམ། སློབ་གྲྭའི་འཛིན་སྐྱོང་སྐོར། ཆོས་བྱུང་ཁག་བཅས་སློབ་ཁྲིད་གནང་ཐབས་སྐོར་ལ་ཟླ་བ་གསུམ་རིང་སྦྱོང་བརྡར་ཕུལ་ཡོད་འདུག སྦྱོང་བརྡར་གྲུབ་རྗེས་ཕྱི་ཟླ་ ༡༢ ཚེས་ ༨ སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་གལ་ཆེ་དོན་ཆེན་ལ་གཟིགས་ཏེ་ཆེད་ཕེབས་གནང་ཡོད་པ་མ་ཟད། ཆོས་དགེ་རྣམས་པར་ལམ་སྟོན་གསུང་བཤད་གནང་བའི་ནང་། བྱུང་རབས་ལོ་རྒྱུས་ཀྱི་ཆ་ནས་བལྟས་ན་ཕྱི་ལོའི་སྔོན་གྱི་ལོ་བཞི་བཅུ་ཞེ་གྲངས་ཤིག་ནས་བོད་ཆོས་རྒྱལ་གྱི་གདུང་རྒྱུད་དབུ་བརྙེས་པ་རེད་ཅེས་བཤད་ཀྱི་ཡོད། དེ་དངོས་ཡོད་ཀྱི་བྱུང་རབས་དང་སྒྲུང་གང་ཡིན་མིན་ཐག་གཅོད་དཀའ་བ་ཞིག་རེད། གལ་སྲིད་དེ་བྱུང་རབས་ཡིན་པའི་དབང་དུ་བཏང་ན་ང་ཚོ་བོད་པའི་མི་རིགས་དེ་རྒྱལ་ཁབ་ཀྱི་ངོ་བོ་ཆགས་ཏེ་ལོ་ངོ་ཉིས་སྟོང་ཉིས་བརྒྱ་ཙམ་མ་གཏོགས་འགྲོ་གི་མེད་པ་རེད། དེའི་ནང་ནས་ཡི་གེ་དང་བརྡ་སྤྲོད་ཀྱི་གཞུང་ལུགས་བྱུང་སྟེ་ནང་པའི་ཆོས་ལ་བསྒྱུར་རྒྱུའི་འགོ་འཛུགས་ཏེ་དེ་བས་ཀྱང་ལོ་ཉུང་བ་འགྲོ་གི་ཡོད། ཡིན་ནའང་དུས་ཚོད་ཐུང་ཐུང་དེ་འདྲ་ཞིག་གི་ནང་མི་ཉུང་ཉུང་དེ་འདྲ་ཞིག་གིས་འཛམ་བུ་གླིང་གི་རིག་པའི་གཞུང་ལུགས་ཕྱུག་ཤོས་དང་། ལྷག་པར་དུ་ཆོས་དང་འབྲེལ་བའི་རིག་པའི་གཞུང་ལུགས་ཕྱུག་ཤོས། རང་གི་སྐད་ཡིག་ཐོག་ཐད་ཀར་བྲིས་པ་དང་། ལེགས་སྦྱར་གྱི་སྐད་ལ་སོགས་པ་སྐད་ཡིག་གཞན་ནས་བསྒྱུར་བ། འཛམ་གླིང་མི་རིགས་སྟོང་ཕྲག་འགའ་ཤས་ཡོད་པའི་ནང་ནས་སུས་བྱེད་མ་ཐུབ་པའི་ལས་ཀ་ཞིག་བོད་མི་རིགས་ཀྱིས་བྱས་ཡོད་སྟབས་བོད་མི་རིགས་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་གནོན་འོག་ཡོད་ཀྱང་འཛམ་གླིང་ནང་བོད་མི་རིགས་ཀྱི་ལེགས་བྱང་འབུར་དུ་ཐོན་ཡོད་པ་དང་། འཛམ་བུ་གླིང་གི་མི་ཚང་མས་ཡིད་སྨོན་དང་། དགའ་སྨོན་བྱེད་ཡུལ་གྱི་གནས་ཤིག་ཆགས་ཡོད་པ་རེད། ཅེས་སོགས་ལམ་སྟོན་གསུང་བཤད་ཟབ་རྒྱས་གནང་གྲུབ་རྗེས་ཆུ་ཚོད་གཅིག་ཙམ་རིང་ཆོས་དགེ་རྣམས་ནས་ཐད་ཀར་དྲི་བ་གནང་བ་ཁག་ལ་ལན་གསལ་སྟོན་གནང་བ་བཅས་ཀྱི་གནས་ཚུལ་དུ།།