ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་རྒྱལ་ལོ་ ༢༡༣༥ བོད་ཟླ་ ༡༠ ཚེས་ ༢༥ ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༡༢ ཚེས་ ༢༡ ཕྱེད་ཡོལ་ཆུ་ཚོད་ ༡ ཙམ་ནས་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་དགའ་ལྡན་ལྔ་མཆོད་ཀྱི་མཆོད་འབུལ་དུ་ཆིབས་སྒྱུར་བསྐྱངས་སྐབས་ཕོ་བྲང་གི་གཟིམ་སྒོ་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཕེབས་ལམ་གྱི་གཡས་གཡོན་ཚང་མར་དད་གུས་གཡོ་བ་མེད་པའི་སེར་སྐྱ་མང་ཚོགས་དུ་མས་དྲི་བསུང་སྟོང་དང་ལྡན་པའི་བདུག་སྤོས་ཕྱག་ཏུ་ཐོགས་པ་དང་། དད་ལྡན་པ་འགས་དཀར་ཞིང་གཙང་བའི་མཇལ་དར་ལག་གཉིས་ཀྱིས་སྤྱི་བོར་འདེགས་བཞིན་པ། མི་མང་འགས་ལུས་ངག་ཡིད་གསུམ་རྩེ་གཅིག་ཏུ་༸གོང་ས་མཆོག་ལ་ཕྱོགས་ཤིང་དད་འདུན་གཡོ་མེད་ཀྱི་ཐོག་ནས་ལག་གཉིས་ཐལ་མོ་སྙིང་ཁར་སྦྱར་ཏེ་དྲི་བཟང་གི་བདུག་སྤྲིན་དཀྲིགས་པའི་ཕེབས་ལམ་དབུས་ནས་ཤཱཀྱའི་འཁོར་བཅས་ཆིབས་སྒྱུར་གྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་ཞལ་བསྒྱུར་སྐབས་སྐུ་བཅར་རྣམ་གྲྭའི་དགེ་འདུན་པས་དབུས་གྲྭ་བཙུན་ཡོངས་ནས་སྐུ་བཞེངས་ཐོག་གུས་བསུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་ཡོད་པ་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག་རྣམ་གྲྭའི་མཁན་རིན་པོ་ཆེ་དང་། རྣམ་གྲྭའི་མཁན་ཟུར་བྱ་དོར་རིན་པོ་ཆེ། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་བཅས་འདུས་མང་ནས་དཀོན་མཆོག་རྗེས་དྲན་གྱི་མདོ་བཅས་གསུང་འདོན་གནང་བ་དང་། དེ་རྗེས་བླ་མ་མཆོད་པའི་ཆོ་ག་དང་འབྲེལ་བའི་ཚོགས་འབུལ་དང་། གསང་བ་འདུས་པ། བདེ་མཆོག འཇིགས་བྱེད། དུས་འཁོར་བཅས་ཀྱི་སྨོན་ལམ་གསུང་འདོན་གནང་གྲུབ་མཚམས་ཆུ་ཚོད་ ༤ པར་ཕོ་བྲང་དུ་༸ཞབས་སོར་འཁོད་ཡོད་པ་རེད།
ཐེངས་འདིའི་མཆོད་འབུལ་དུ་དད་ལྡན་ཀལ་མིག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་དང་། སྲིད་བློན་ལྕམ། གྲོས་ཚོགས་ཀྱི་ཚོགས་གཞོན། ཏེེ་ལོ་རིན་པོ་ཆེ། དེ་བཞིན་ཡུལ་ཁག་གཞན་ནས་ཕེབས་པའི་དད་ལྡན་པ་དང་། རང་རིགས་སེར་སྐྱ་མི་མང་བཅས་མི་གྲངས་ ༡༠༠༠ བརྒལ་བ་བཅར་བཞུགས་གནང་ཡོད་འདུག