ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༦ རེེས་གཟའ་ཕུར་བུ།
༄༅། །བོད་མིིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་ཆོས་སྲིད་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་རྒྱ་གར་གྲོང་ཁྱེར་པུཎེར་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༧ ནས་ཚེས་ ༨ བར་ཉིན་གྲངས་གཉིས་རིང་ཚོགས་རྒྱུའི་གྷན་དྷིའི་རྗེས་འཇུག་པ་རྣམས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་བཞི་བཅུ་ཞེ་གཉིས་པའི་ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག
ཚོགས་ཆེན་དེ་གོ་སྒྲིག་ཞུ་མཁན་སར་ཝོ་དྷ་ཡ་ས་མ་ཇ་(Sarvodaya Samaj)ཞེས་པའི་ཚོགས་པ་དེ་ཡིན་པ་དང་། དེ་ནི་ཕྱི་ལོ་ ༡༩༤༨ ཕྱི་ཟླ་ ༣ ཚེས་ ༡༣ ནས་ཚེས་ ༡༥ བར་ཉིན་གསུམ་རིང་རྒྱ་གར་གྱི་མཁས་དབང་ཨ་ཅ་རིཡ་ཝི་ནོ་བྷ་བྷ་ཝེ་(Acharya Vinabha Bhave) དང་ ། ཌོག་ཊར་ར་ཇིན་ལྷ་ར་པར་སཌ།(Dr Rajindra Prasad) ཇ་ཝ་ལ་ནེ་ཧེ་རུ།
(Pt. Jawaharlal Nehru) མོའ་ལ་ན་ཀ་ལམ་ཨ་ཛཌེ། (Maulana Abdul Kalam Azad) ཨ་ཅ་རིཡ་ཀིར་པལ་ནི།(Acharya Kirpalani) ཇའི་པར་ཁ་ཤི་ན་ར་ཡན་(Jay Prakash Narayan)གཙོས་འཛུགས་སྐྲུན་གྱི་ལས་མི་དང་། ཆབ་སྲིད་ཀྱི་དབུ་ཁྲིད་བཅས་ལྷན་འཛོམས་གནང་ནས་གྲོས་མོལ་གཏིང་ཟབ་གནང་རྗེས་ཚོགས་པ་དེ་གསར་འཛུགས་གནང་བ་ཞིག་ཡིན་འདུག དེ་ཡང་ཚོགས་པ་བཙུགས་པའི་དམིགས་ཡུལ་གཙོ་བོ་ནི་ཕྱི་ལོ་ ༡༩༤༨ ཟླ་ ༡ ཚེས་ ༢༩ ཉིན་གྷན་དྷིའི་སྐུ་སྲོག་ཉེན་ཁ་མ་བྱུང་བའི་ཉིན་གཅིག་སྔོན་མེས་པོ་དམ་པ་གྷན་དྷི་མཆོག་ལ་དྲང་བདེན་དང་འཚེ་བ་མེད་པའི་ཚོགས་པ་ཞིག་འཛུགས་རྒྱུའི་ཐུགས་བཞེས་བྱུང་ཡོད་པ་བཞིན་ཁོང་གི་དགོངས་གཞི་དེ་གྲུབ་ཆེད་ཚོགས་པ་དེ་གསར་འཛུགས་གནང་བ་ཞིག་ཡིན་འདུག
སར་ཝོ་དྷ་ཡ་ས་མ་ཇ་ཞེས་པའི་ཚོགས་དེས་མགྲོན་འབོད་ཞུས་པ་བཞིན་དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཀྱང་ཚོགས་ཆེན་དེའི་ཐོག་ལྷན་ཞུགས་གནང་སྟེ་འཚེ་མེད་ཞི་བའི་རིག་གཞུང་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས་ཀྱི་གནས་བསྡུས་སུ།།