ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༡ ཉིན་ཉི་ཧོང་དུ་སྟོན་འཁོར་ཧྲག་བསྡུས་དང་བཅས་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ཕྱི་ཟླ་ ༡༡ ཚེས་ ༡ ཉིན་ཉི་ཧོང་མཐོ་རིམ་སློབ་གྲྭ་ཁག་ནང་སློབ་ཁྲིད་གནང་མཁན་དགེ་རྒན་ཆེན་མོ་བ་དང་། དེ་བཞིན་ཁྲིམས་ལུགས་མཁས་དབང་། རྩོམ་སྒྲིག་པ། ཚན་རིག་པ་སོགས་མཁས་དབང་ཁག་དང་བསམ་ཚུལ་བརྗེ་ལེན་ལ་སོགས་པའི་བཞུགས་མོལ་ཚོགས་འདུ་ལྷུག་པོ་བསྐྱངས་ཡོད་པ་རེད།
དེ་ནས་ཕྱེད་ཡོལ་མཇལ་ཁ་ཁག་ཅིག་གནང་གྲུབ་རྗེས་ཉི་ཧོང་དུ་གནས་སྡོད་རྒྱ་རིགས་སློབ་ཕྲུག ༡༥༠ ཙན་དང་མི་མང་ ༥༠ ཁྱོན་རྒྱ་རིགས་ ༢༠༠ ཙམ་ལ་ཞལ་མཇལ་བཀའ་དྲིན་ཆེ་བ་གནང་ནས་རྒྱ་བོད་མི་རིགས་གཉིས་ཀྱི་འབྲེལ་ལམ་དེ་ཧ་ཅང་གལ་ཆེ་ཡིན་པའི་སྐོར་དང་། གཞི་རྩའི་ནང་ཆོས་ངོ་སྤྲོད་སྤྱོད་པ་འཚེ་བ་མེད་པ་དང་ལྟ་བ་རྟེན་འབྱུང་སྐོར་ལ་བཀའ་སློབ་སྙིང་བསྡུས་ཤིག་སྩལ་ཡོད་པ་དང་། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་བར་བོད་པའི་གནད་དོན་སེལ་སླད་རྒྱ་ནག་གཞུང་དང་འབྲེལ་མོལ་གྱི་ལམ་ནས་འབད་བརྩོན་ལོ་ ༣༠ ལྷག་ཞུས་པ་ཡིན། འོན་ཀྱང་གྲུབ་འབྲས་གང་ཡང་ཐོན་མེད་སྟབས་ད་ལྟའི་རྒྱ་ནག་སྲིད་གཞུང་ལ་ཡིད་ཆེས་དེ་ཆུང་དུ་འགྲོ་གི་ཡོད་པའི་གནས་སྟངས་དང་། ཡིན་ནའང་རྒྱ་ནག་མི་མང་ལ་ཡིད་ཆེས་གཏན་པོ་དང་ཆེན་པོ་ཡོད། ཅེས་བཀའ་སློབ་ཟབ་རྒྱས་སྩལ་ཡོད།
ཕྱི་ཟླ་ ༡༡ ཕྱི་ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ལྷོ་ནུབ་གྲོང་ཁྱེར་ཕུ་ཁུའོ་ཌོར་ (Fukuodo)ཆིབས་སྒྱུར་བསྐྱང་སྟེ་ཀི་ཏཱ་ཁུ་ཤུ་གསར་ཁང་(Media dome, Kita-Kyushu)དུ་ཉི་ཧོང་མི་མང་རྣམས་ལ་སྙིང་རྗེའི་སྐོར་ལ་གསུང་ཆོས་བཀའ་དྲིན་གནང་རྒྱུ་དང་། ཕྱི་ཚེས་ ༥ ཉིན་བུད་མེད་ཀྱི་སློབ་གྲྭ་ཞིག་ཏུ་སློབ་ཕྲུག ༡༤༠༠ ཙམ་ལ་ན་གཞོན་ཚོའི་བསམ་བློ་འཁྱེར་ཕྱོགས་དང་འཛམ་གླིང་སྤྱིའི་འགན་འཁུར་སྟངས་སོགས་ཀྱི་ཐོག་བཀའ་སློབ་བསྩལ་རྒྱུ་ཡིན་འདུག
ཕྱི་ཚེས་ ༦ ཉིན་ཉི་ཧོང་རྒྱལ་ས་ཊོཀ་ཡོའི་ས་གནས་རོ་གོ་ཁུ་ཁོ་ཁུ་གི་ཁན་(Ryogoku Kokugikan)དུ་མི་མང་ ༥༠༠༠ ཙམ་ལ་ནང་ཆོས་ཀྱི་བསླབ་བྱ་གཞི་ལ་བཞག་པའི་ཐོག་ནས་ནང་བསམ་བློའི་འཁྱེར་སོ་དང་ཉི་ཧོང་གི་གནའ་རབས་གཞི་ལ་བཞག་པའི་ཐོག་ནས་དེའི་ཐོག་བསྐྱོད་ཐབས་སྐོར་ལ་བཀའ་སློབ་བཀའ་དྲིན་བསྩལ་རྒྱུ་ཡིན་འདུག