ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །འདི་གའི་གསར་འགོད་པས་ནང་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཟུང་དྲུང་ཚེ་རིང་སྟོབས་རྒྱལ་ལགས་སུ་བཅར་དྲི་ཞུས་པ།
དྲི་བ། ཐེངས་འདིར་ར་ཇེ་སི་ཐན་མངའ་སྡེ་ཨུ་རྡེའི་པུར་ཉེ་འཁྲིས་སྦན་ས་ཝ་ར་Banswara
ས་གནས་སུ་བོད་མི་དགུན་ཚོང་རྒྱག་མཁན་ཁྲོམ་སར་མེ་སྐྱོན་གྱིས་གོད་ཆག་བྱུང་སྐབས་རང་གཞུང་ནས་ཆེད་མངགས་སྐུ་ཚབ་ཆེད་གཏོང་དང་གུན་སྐྱོབ་སོགས་ཀྱི་མཐུན་འགྱུར་ཕུལ་ཡོད་དམ།
ལན། ར་ཇེ་སི་ཐན་མངའ་ཁུལ་ཨུ་རྡེའི་པུར་ཉེ་འཁྲིས་བན་ས་ཝ་ར་Banswaraས་གནས་སུ་བོད་མི་དགུན་ཚོང་རྒྱག་མཁན་དུད་ཚང་ ༨ གྱི་ཁྲོམ་ས་གཉིས་རེ་རྩིས་ན་ཁྲོམ་ས་ ༡༦ ལ་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༡༡ ཚེས་ ༡༠ མཚན་དཀྱིལ་ཆུ་ཚོད་ ༡།༣༠ ཙམ་ལ་མེ་སྐྱོན་གྱིས་ཡིད་སྐྱོའི་གནས་ཚུལ་ཞིག་ལྷག་ཡོད། འོན་ཀྱང་ཁྱིམ་ཚང་དེ་ཚོའི་ནང་འཐུས་མི་རང་སྐྱ་འཕེར་ཏེ་ས་གནས་དཔོན་རིགས་ཁག་ལ་ཞུ་གཏུགས་བྱེད་མཁན་ཇི་བཞིན་མེད་པའི་དཀའ་ངལ་འཕྲད་མུས་ལ་སོང་། འདི་ལས་ནས་ལས་བགོས་ས་ཁུལ་གཞི་བཞག་མངའ་སྡེ་དེ་བཞིན་ལྡི་ལི་ས་གནས་འགོ་འཛིན་ནས་གཟིགས་རྟོགས་དགོས་ཁོངས་སུ་ཚུད་འདུག་པར་བརྟེན་ལྡི་ལི་ས་གནས་འགོ་འཛིན་ལ་མེ་སྐྱོན་བྱུང་སའི་ས་གནས་སུ་འཕྲལ་དུ་རྡོག་ཐོན་བྱས་ཏེ་ཞིབ་ཕྲའི་གནས་སྟངས་ཁག་རྟོག་ཞིབ་དང་། དེ་བཞིན་ས་གནས་ས་ཐོག་གི་དཔོན་རིགས་དང་འབྲེལ་གཏུགས་བྱས་ཏེ་མཐུན་འགྱུར་སྤྲོད་ཕྱོགས་དང་ཞུ་ཕྱོགས་ཡིག་ངག་གཉིས་ཀྱི་ཐོག་ནས་གང་ཡོང་རོགས་མགོན་མཐུན་འགྱུར་གྱི་རྒྱབ་གཉེར་ངེས་ཞུ་རང་གཞུང་གི་སྐུ་ཚབ་མཚོན་པའི་ཐོག་ནས་འཐུས་ཚང་ཞུ་དགོས་སྐོར་ལམ་སྟོན་བྱས་ཡོད།
དྲི་བ། སྔོན་དུས་ས་གནས་ཁག་ཏུ་འབྱུང་བའི་གནོད་འཚེ་ཕོག་སྐབས་བོད་གཞུང་གི་ངོས་ནས་གཟིགས་རྟོག་དགོས་པའི་སྙན་སུན་ཐད་ཀར་ཞུ་མཁན་ད་ལྟ་ནང་བཞིན་བྱུང་ཡོད་དམ།
ལན། སྔོན་མ་རན་ཇིའི་ནང་དངོས་ཡོད་མེ་སྐྱོན་ཤུགས་ཆེ་བྱུང་ཡོད་ནའང་། བོད་གཞུང་གི་གནས་སྟངས་ལ་བསམ་གཞིགས་བྱས་ཏེ་ཆོག་ཤེས་ཀྱི་ཐོག་ནས་རང་གཞུང་ལ་སྙན་སུན་མ་ཞུས་པའི་གནས་ཚུལ་སོགས་ཀྱང་བྱུང་ཡོད་པ་རེད། ཕྱིས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རང་གཞུང་ནས་མངའ་འབངས་རྣམས་ལ་དཀའ་ངལ་འཕྲད་སྐབས་ལྟ་རྟོག་གང་ཐུབ་གནང་དགོས་སྐོར་བཀའ་ཕེབས་གནང་བ་བཞིན་གང་ཐུབ་ཀྱི་མཐུན་འགྱུར་རོགས་རམ་ཞུས་དང་ཞུ་མུས་ཡིན།
དྲི་བ། ཐེངས་འདིའི་མེ་སྐྱོན་བྱུང་བའི་དུད་ཁྱིམ་རེ་རེའི་དངོས་ཟོག་གི་མ་གནས་ལ་གཞིགས་པའི་གྱོང་གུན་ག་ཚོད་ཙམ་ཕོག་པར་རང་གཞུང་གི་གནས་སྟངས་ལ་དཔག་པའི་གུན་སྐྱོབ་ག་ཚོད་གནང་འཆར་ཡོད་དམ།
ལན། ལྡི་ལི་ས་གནས་འགོ་འཛིན་རང་གཞུང་སྐུ་ཚབ་ཀྱི་མཚན་གནས་ཐོག་ས་གནས་སུ་ཕེབས་རྗེས་ཁྲོམ་ས་མེས་ཚིག་སྟངས་དང་། དུད་ཚང་དངོས་ཡོད་ག་ཚོད་ཡོད་མེད། ཁྱིམ་ཚང་དེ་ཚོ་ས་གནས་གང་ནས་ཡིན། གོད་ཆག་བྱུང་བའི་ཁྱིམ་ཚང་རེར་རྩ་བའི་གསོ་སྐྱོང་བྱེད་དགོས་པའི་ནང་མི་ཇི་ཡོད། ཁྱིམ་ཚང་རེར་ཁྲོམ་ས་ག་ཚོད་ཡོད་མེད། ས་གནས་དེར་ག་དུས་ནས་དགུན་ཚོང་རྒྱག་གི་ཡོད་མེད། ཁྲོམ་ས་ཤུལ་མེད་དུ་སོང་བའི་ནང་བལ་གོས་མ་གནས་ཇི་ཙམ་ཡོད་པ་དང་། དུད་ཚང་གཅིག་ལ་ཁྲོམ་ས་གཉིས་རེ་ཡོད་ན་གྱོང་གུན་མ་གནས་དང་དུད་ཚང་སོ་སོའི་སྡོད་གནས་ཁང་གླས་ནང་བལ་གོས་མ་གནས་ཇི་ཙམ་ལྷག་ཡོད་མེད་བཅས་བདེན་དཔང་ཤེས་རྟོགས་ཐུབ་རྗེས་རང་གཞུང་གི་གནས་སྟངས་ལ་གཞིགས་པའི་བརྒྱ་ཆ་མང་ཤོས་དུད་ཚང་རེར་སྤྲོད་རྒྱུའི་དམིགས་རྟེན་ལྟ་བུར་ཧིན་སྒོར་ཁྲི་གཅིག་ལས་མེད་པ་རེད། དེའི་གནས་སྟངས་ལ་གཞིགས་ཏེ་ད་ཕན་ལ་དྭགས་ཁུལ་དང་། སིམ་ལ་དང་། མ་ཐུ་ར་བཅས་སུ་འབྱུང་བའི་གནོད་འཚེ་བྱུང་སྐབས་གུན་སྐྱོབ་ཏུ་ཕུལ་བ་དང་གཅིག་མཚུངས་སེམས་གསོའི་གུན་སྐྱོབ་ཙམ་ལས་མེད་པ་རེད། ཅེས་འགྲེལ་བརྗོད་གནང་གི་འདུག