ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༦ རེེས་གཟའ་ཕུར་བུ།
༄༅། །བོད་གཞུང་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༥ ཉིན་སྐུ་ཞབས་བྷ་རཀ་ཨོ་བྷ་མ་ལ་ལོ་རྒྱུས་ནང་གི་འོས་ཤོག་མང་ཤོས་ཐོབ་སྟེ་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འཕྲིན་ཞིག་ཕུལ་ཡོད་པ་རེད།
འཚམས་འཕྲིན་ནང་བཀའ་བློན་མཆོག་ནས་འཁོད་དོན། སྐུ་ཞབས་བ་རཀ་ཨོ་བྷ་མའི་བློ་སྟོབས་དང་རྣམ་དཔྱོད་ལ་བརྟེན་ནས་ཨ་རིའི་རྒྱལ་ཁབ་དེ་བཞིན་ཞི་བདེ་དང་ཡར་རྒྱས་གོང་འཕེལ་གྱི་ལམ་བུའི་ཐོག་ཁ་ཕྱོགས་ཐུབ་པའི་སྨོན་འདུན་ཞུས་ཡོད་པ་མ་ཟད། བཀའ་བློན་མཆོག་ནས་འདེམས་ཐོན་བྱུང་བའི་སྲིད་འཛིན་བྷ་རཀ་ཨོ་བྷ་མས་མུ་མཐུད་ཨ་རིའི་རྒྱལ་ཁབ་དེ་ཞི་བདེ་དང་ཡར་རྒྱས་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་ཐུབ་པའི་ཐུགས་རེ་ཡང་གནང་གི་ཡོད། ཅེས་བཀོད་ཡོད་པ་དང་།
ལྷག་པར་དུ་ཕྱི་དྲིལ་བཀའ་བློན་མཆོག་ནས་ཨ་རིས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཐོག་ལ་ཞུ་རྩོད་བདེན་བདར་གྱིས་སྐུ་ཞབས་ཨོ་བྷ་མའི་འཛིན་སྐྱོང་འོག་བོད་མིར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཐུགས་རེ་ཡོད། ཅེས་བཀོད་ཡོད་པའི་གནས་བསྡུས་སུ།།