ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༧ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༦ རེས་གཟའ་ཕུར་བུའི་ཉིན་ལྡི་ལི་གསར་པ་ནས་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་གྲུབ་རྗེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ངོས་གཉིས་དང་ཕྱག་རོགས་རྒན་པ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། བུ་ཆུང་ཚེ་རིང་ལགས། ལས་དོན་ཚོགས་ཆུང་གི་ལས་བྱེད་སྐལ་བཟང་ཚེ་རིང་ལགས་བཅས་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༠ ནས་ཕྱི་ཟླ་ ༡༡ ཚེས་ ༥ བར་པེ་ཅིང་དུ་བོད་རྒྱ་འབྲེལ་མོལ་ཆེད་བསྐྱོད་པ་དང་། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༦ ཉིན་ང་ཚོ་རྒྱ་གར་དུ་ཕྱིར་ལོག་བྱས་པ་ཡིན།
ཐེངས་འདིའི་འབྲེལ་མོལ་གནང་གཞི་གཙོ་བོ་དེ་ནི་འདི་ལོའི་ཕྱི་ཟླ་ ༧ ནང་བྱས་པའི་ཐེངས་བདུན་པའི་འབྲེལ་མོལ་གྱི་མཇུག་སྐྱོང་དང་། ཐེངས་འདིར་ང་ཚོས་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞིག་ཕུལ་བ་ཡིན།
ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༤ ཉིན་པེ་ཅིང་དུ་ང་ཚོས་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཅིག་ལྕོགས་སྐུ་ཞབས་ཏུའུ་ཆིང་ལིངདང་། འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་སྲི་ཐར་གཉིས་དང་ཐུག་འཕྲད་བྱས་པ་ཡིན། དེས་མ་ཟད་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས ༥ ཉིན་ང་ཚོས་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་ཀྲུའུ་ཝེན་ཆོན་དང་། བློན་ཆེན་གཞོན་པ་སྲི་ཐར་ལྷན་དུ་གྲོས་བསྡུར་ཉིན་འཁྱོངས་བྱས་པ་ཡིན། སྐབས་འདིར་བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཚོགས་གཞོན་པལྨ་འཕྲིན་ལས་མཉམ་ཞུགས་བྱས་སོང་། དེ་བཞིན་འཐབ་ཕྱོགས་གཅིག་གྱུར་ནས་རྒྱ་ནག་གི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་དུ་ང་ཚོར་རྒྱ་ནག་གི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སྐོར་མཁས་པ་ཚོས་གནས་ཚུལ་ངོ་སྤྲོད་བྱ་རྒྱུའི་ལས་རིམ་ཞིག་གོ་སྒྲིག་གནང་བྱུང་། ལས་རིམ་དེའི་གཙོ་སྐྱོང་ལྟེ་གནས་ཁང་འདིའི་འགན་འཛིན་ལྷག་པ་ཕུན་ཚོགས་ལགས་ནས་གནང་བ་རེད། དེ་རིང་སྔ་དྲོ་ང་ཚོས་ལྡི་ལི་གསར་པར་བཀའ་བློན་ཁྲི་པ་མཆོག་ལ་ཐེངས་འདིའི་འབྲེལ་མོལ་སྐོར་སྙན་སེང་ཞུ་སྐབས་བཀའ་ཁྲི་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ལམ་སྟོན་ཕེབས་པ་བཞིན་བོད་མིའི་དམིགས་བསལ་ཚོགས་ཆེན་དེ་བཞིན་ཟླ་འདིའི་ནང་ཚོགས་ལ་ཉེ་བ་ན་ཐེངས་འདིའི་འབྲེལ་མོལ་གྱི་གསལ་བསྒྲགས་དེ་དམིགས་བསལ་ཚོགས་ཆེན་འདིའི་གོང་བྱ་མི་རུང་བའི་ལམ་སྟོན་ཕེབས་བྱུང་།
ཐེངས་འདིར་རྒྱ་ནག་ཏུ་འབྲེལ་མོལ་དུ་བསྐྱོད་སྐབས་མགྲོན་བདག་གནང་མཁན་རྒྱ་ནག་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་གྱུར་དང་། པེ་ཅིང་གྲོང་ཁྱེར་གྱི་འཐབ་ཕྱོགས་གཅིག་གྱུར། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་བཅས་ནས་སྣེ་ལེན་དང་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀོད་ཡོད་པ་རེད།།
ཐུགས་སྣང་།
གསལ་བསྒྲགས་ངོ་མ་དེ་དབྱིན་ཡིག་ཐོག་ཡོད་པ་ནས་འདི་ག་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་རྩ་བ་དབྱིན་ཡིག་ལ་རྩ་འཛིན་ཡོད་པ་ཞུ།།